༢༠༡༣ ཟླ་ ༥ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༨ རེས་གཟའ་ཟླ་བའི་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང། Council on Foreign Relations ཞེས་པའི་རིག་པ་སློབ་སྟོན་པའི་ཚོགས་ཚུང་ཞིག་ཡོད་པ་དེར་བོད་དོན་ཐོག་སྤེལ་བའི་གཏམ་བཤད་དེ་བཞིན་ཨེ་ཨེབ་པི་AFP ཞེས་པའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་དེས་གནས་ཚུལ་སྤེལ་སྐབས་གོ་བརྡ་མ་འཕྲོད་པའི་གནས་ཚུལ་བྱུང་བ་དེར་ཕྱི་དྲིལ་གསར་འགོད་འབྲེལ་མཐུད་པས་གསལ་བཤད་གནང་བའི་ནང་འཁོད་དོན།
སྲིད་སྐྱོང་མཆོག་གིས་གཏམ་བཤད་ནང་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ལ་གཞི་བཅོལ་བའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དེར་ངོ་རྒོལ་མེད་པའི་དོན་ཡིན། དབུ་མའི་ལམ་གྱི་སྲིད་བྱུས་འོག་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཚད་ལྡན་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད། རྩ་དོན་དེ་དོན་ཁྱོལ་ཡོང་བར་བོད་རིགས་ཚང་མ་ཆབ་སྲིད་འཛིན་སྐྱོང་གཅིག་འོག་གནས་དགོས། དེར་བརྟེན་བོད་ནང་ད་ཡོད་རྒྱ་ནག་དམར་ཤོག་ཚོགས་པའི་འཛིན་སྐྱོང་གི་སྒྲོམ་གཞི་དེར་ངོས་ལེན་བྱ་ཐབས་མེད། ཅེས་འཁོད་ཡོད།
དེ་བཞིན་གསལ་བཤད་ནང། ནིའུ་ཡོཀ་གསར་ཤོག་དུས་དེབ་ The New York Times ཀྱི་རྩོམ་སྒྲིག་པའི་གླེང་སྟེགས་ནང་སྐུ་ཞབས་ནི་ཀོ་ལ་སི་ཀི་རི་སི་ཊོབ Nicholas Kristoff ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༦ ཉིན་གལ་ཏེ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཚེ་རྒྱ་ནག་སྤྱི་ཚོགས་རིང་ལུགས་ངོས་ལེན་ཐུབ་རྒྱུ་ཡིན་སྐོར་བཀའ་སློབ་སྩལ་ཡོད་སྐོར་བཀོད་ཡོད། སྲིད་སྐྱོང་མཆོག་གིས་བོད་མི་ཚོས་བསྟུས་མར་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་མིས་བོད་ནང་དབང་འགྱུར་བྱས་པ་དང། བོད་མིར་དྲག་གནོན་བྱས་པ་དེས་ཡིན་སྐོར་རྟག་ཏུ་རྒྱ་ནག་གཞུང་གི་བོད་མིའི་ཐོག་འཛིན་བཞིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དེར་ངོ་རྒོལ་གནང་དང་གནང་མུས་ཡིན། ཞེས་འཁོད་ཡོད་པ་བཅས།།