༢༠༡༣ ཟླ་ ༥ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༢ ཉིན་ནོར་ཝེ་རྒྱལ་ས་ཨོ་སི་ལོའི་ OSLOགནམ་ཐང་དུ་ཕེབས་འབྱོར་སྐབས་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་དང་སྤྱི་འཐུས་ཆུང་བདག་ཀོ་རེན་ལགས། དེ་བཞིན་ནོར་ཝེ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གསར་པ་མཚོ་མོ་ལགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཕྱེད་ཡོལ་དུ་ཨོ་སི་ལོ་རང་དབང་གླེང་སྟེགས། (Oslo Freedom Forum) ཞེས་རང་དབང་སྲུང་སྐྱོབ་ཚོགས་པས་གོ་སྒྲིག་འོག་ལྷན་ཚོགས་ཤིག་ཏུ་སྲིད་སྐྱོང་མཆོག་གདན་ཞུས་ལྟར། བཙན་བྱོལ་ནང་གི་མང་གཙོ། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། ང་རང་བོད་ནང་འགྲོ་མྱོང་མེད་ལ་བོད་ནམ་ཡང་མཐོང་མྱོང་ཡང་མེད། འོན་ཀྱང་ང་རང་བོད་རིགས་ཤིག་ལ་སྐྱེས་པ་འདི་དུས་རྟག་ཏུ་ངའི་སེམས་ནང་སྤོབས་པ་ཡོད། དེར་བརྟེན་ངས་གང་ཐུབ་བོད་ཀྱི་རྩ་དོན་ཆེད་ཞབས་ཞུ་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་མང་གཙོའི་སྒྲིག་འཛུགས་ཤིག་ཡིན་པར་བརྟེན། འདིར་ཁྱེད་རྣམ་པས་རང་གི་གཞི་རྩའི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྣམས་ལ་མིག་དཔེ་ལྟ་ས་ཞི་ཏུ་གྱུར་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང། སྐབས་དེར་རྒྱ་མིའི་ཁྲིམས་རྩོད་པ་ལོང་བ་ཡིན་པ་སྐུ་ཞབས་ཁྲན་ཀང་ཁྲན་ཡང་ཕེབས་ཡོད།
ཕྱོགས་མཚུངས་ཕྱི་ཚེས་ ༡༢ ཉིན་ཨོ་སི་ལོ་རང་དབང་གླེང་སྟེགས་ཀྱིས་གོ་སྒྲིག་འོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། སྐབས་དེར་གསར་འགོད་པ་ཁག་གཅིག་གིས་བོད་ནང་དུ་བོད་མི་རང་སྲེག་གི་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་སྐོར་དྲིས་ཡོད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་བྷི་བྷི་སི་ BBC དང་སི་ཨེན་ཨེན་ CNN སོགས་ཀྱི་གསར་འགོད་པ་ཡང་ཕེབས་ཡོད། གསར་འགོད་ལྷན་ཚོགས་གྲུབ་མཚམས་སྲིད་སྐྱོང་མཆོག་ཁུལ་དེར་རྟེན་གཞི་བྱས་པའི་སི་ཝི་ཊ་ (Civita) ཞེས་རིག་པའི་སློབ་སྟོན་ཚོགས་ཆུང་ཞིག་ཡོད་པ་དེས་གདན་ཞུས་ཀྱིས་ལས་ཁུངས་སུ་ཕེབས་འབྱོར་སྐབས་བསྟི་གནས་ཁང་གི་ཚོགས་གཙོ་ལྕམ་སྐུ་ཁི་རི་སི་ཊེན་ཁི་ལེ་མེ་ཊི་ (Mrs. Kristin Clemet) མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ལྕམ་སྐུ་མཆོག་དེ་སྔ་ནོར་ཝེའི་ཤེས་རིག་བློན་ཆེན་གནང་མྱོང་ཡོད་འདུག ལྷན་འཛོམས་སྐབས་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་མདོར་ཙམ་མ་ཟད། བཙན་བྱོལ་བོད་མིའི་གནས་སྟངས་དང་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་རྣམས་གསལ་བཤད་གནང་ཡོད། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སྐབས་དེར་ནོར་ཝེ་རིག་པའི་སློབ་སྟོན་ཚོགས་ཆུང་སི་ཝི་ཊ་ Civita དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ Tibet Policy Institute གཉིས་འབྱུང་འགྱུར་ལས་དོན་མཉམ་རུབ་ཐོག་སྤེལ་ཐུབ་རྒྱུའི་རེ་བ་ཡོད་སྐོར་གསུངས།
དེ་བཞིན་ནོར་བོད་མཐུན་འབྲེལ་ཚོགས་པ་ Network for University Cooperation Tibet-Norway ཞེས་པས་གོ་སྒྲིག་འོག་སྲིད་སྐྱོང་མཆོག་ལ་གསོལ་སྟོན་འབུལ་ལམ་ཞུས། གསོལ་སྟོན་སྐབས་གོ་སྒྲིག་ལྷན་ཚོགས་ཀྱི་ཚོགས་མི་དང་ལྷན་འབྱུང་འགྱུར་བོད་པའི་སློབ་ཕྲུག་ནོར་ཝེའི་ནང་སློབ་སྦྱོང་ཆེད་གཏོང་རྒྱུའི་འཆར་གཞིའི་སྐོར་ལ་གོ་བསྡུར་གནང་ཡོད། དེ་ནས་སྲིད་སྐྱོང་མཆོག་ནོ་བེལ་ཚོགས་ཆུང་དུ་ཕེབས་སྐབས་ཚོགས་ཆུང་གི་འཛིན་སྐྱོང་འགན་འཛིན་དང་དྲུང་ཡིག་གཅིག་ལྕོགས་སྐུ་ཞབས་གྷེར་ལུན་ཌེ་སི་ཊག་ Mr. Geir Lundestag མཆོག་གིས་ཕེབས་བསུ་ཞུས། སྐབས་དེར་སྲིད་སྐྱོང་མཆོག་གིས་ནོ་བེལ་ཚོགས་ཚུང་གིས་ཕྱི་ལོ་ ༡༩༨༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ལྟར་ཐུགས་རྗེ་ཆེ་ཞུས་ཡོད། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ནོ་བེལ་ཚོགས་ཆུང་གི་ཚོགས་མི་རྣམས་རྡ་སར་མགྲོན་འབོད་ཀྱང་ཞུས་ཡོད།
དེ་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ཧྲིལ་པོ་ ༢༥ འཁོར་བཞིན་པར་བརྟེན་སྐབས་དེར་མཛད་སྒོ་དམིགས་བསལ་ཞིག་གོ་སྒྲིག་ཞུས་ཐོག་དུས་སྟོན་སྲུང་བརྩི་ཞུ་འཆར་ཡོད་པའི་སྐོར་ལའང་གོ་བསྡུར་གནང་ཡོད། དེ་རྗེས་སྲིད་སྐྱོང་མཆོག་གིས་ནོར་ཝེའི་བོད་རིགས་མི་གྲངས་ ༧༠ བརྒལ་བར་གསུང་བཤད་གནང་ཡོད། ཕྱི་ལོ་ ༢༠༡༣ ཟླ་ ༥་ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་གིས་ཐོག་མར་བྷི་བྷི་སི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པའི་དྲི་བར་ལན་འདེབས་སྐར་མ་བཅུ་ཙམ་རིང་གནང་ཡོད།