༢༠༡༣ ཟླ་ ༥ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༧ ཉིན་སྦེང་ལོར་ལྷོ་སྤྱི་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ༸གོང་ས་མཆོག་ལ་སྦེང་ལོར་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་ཏུམ་ཀུར་གཙུག་ལག་སློབ་གྲྭ་ཆེན་མོ་དང་སེར་བྱེས་ཐུན་མོང་ནས་གདན་ཞུས་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་ཐེངས་གཉིས་བསྐྱངས་ཡོད།
ཐེངས་དང་པོའི་སྐབས་སྦེང་ལོར་ནང་སྙན་གྲགས་ཆེ་བའི་(Christ)ཀ་ར་སེ་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་ལས་སློབ་ཕྲུག་དང་། སྦེང་ལོར་ནང་གནས་སྡོད་བོད་མི་རྣམས་ལ་ཟུར་དུ་བཀའ་སློབ་སྩལ་ཡོད། དེ་བཞིན་མོན་རྒུ་འདོད་རྒུ་གླིང་དུ་ལམ་རིམ་ཆེན་མོའི་གསུང་ཆོས་བཀའ་ཁྲིད་དང་ནང་ཆོས་ཚན་རིག་དབར་བགྲོ་གླེང་ཚོགས་འདུ་བཅས་སུ་༸ཞབས་སོར་བསྐྱངས་སྐབས་མངའ་སྡེ་གཞུང་གི་འབྲེལ་ཡོད་དཔོན་རིགས་རྣམས་ལ་སྔོན་ཚུད་ནས་འབྲེལ་ལམ་གྱིས་༸སྐུའི་སྲུང་བྱ་ཞུ་དགོས་ཕེབས་སྒྲིག་འཐུས་ཚང་ཞུས་ཐུབ་པ་བྱུང་ཡོད།
དེ་ནས་སྲིང་སྐྱོང་བློ་བཟང་སེང་གེ་མཆོག་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་དང་སྦེང་ལོར་བཅས་སུ་འཚམས་གཟིགས་སྐབས་ཀར་ན་ཀྲ་ཀའི་མངའ་སྡེའི་གཞུང་ནས་སྣེ་ལེན་སྲུང་བྱས་མཚོན་ཆེས་མཐོའི་མི་སྣ་ལྟར་གོ་སྒྲིག་མཐུན་འགྱུར་གང་ལེགས་གནང་ཐུབ་པ་མ་ཟད། མངའ་སྡེའི་བློན་ཆེན་སྐུ་ཞབས་ཇཀ་ཊཤེ་ཀྲར་མཆོག་མཇལ་འཕྲད་དང་སྦེང་ལོར་གསར་འགོད་ཁང་དུ་གསར་འགོད་ལྷན་ཚོགས་གོ་སྒྲིག་མཐའ་དག་འཐུས་ཚང་ཞུས། དེ་ནས་སྲིད་སྐྱོང་མཆོག་ཕྱི་ཟླ་ ༡༢ ནང་མོན་གྷོ་གཞིས་ཆགས་སུ་ནོ་བེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་དང་སྦེང་ལོར་དུ་ཆེས་སྙན་གྲགས་ཆེ་བའི་ཁྲིམས་ཀྱི་མཐོ་སློབ་ནང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་དོན་སྐོར་གསུང་བཤད་གོ་སྒྲིག་ཞུས་ཡོད།
༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྐབས་སྦེང་ལོར་དུ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ (D.B Chandre Gowda) གདན་ཞུས་ཀྱི་མཛད་སྒོ་གཟབ་རྒྱས་ཞུས་པ་དང་མངའ་སྡེའི་གནད་ཡོད་རྒྱ་གར་དཔོན་རིགས་རྣམས་ལ་མངར་ཟས་བགོ་འགྲེམས་ཞུས། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་དམིགས་བསལ་༸སྐུའི་འཁྲུངས་སྐར་ཉིན་འཚམས་འདྲིའི་གསུང་བཤད་གནང་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་སྦེང་ལོར་དུ་འབྱོར་སྐབས་འབར་མའི་གནད་དོན་གྱིས་རྐྱེན་ས་གནས་ཁོར་ཡུག་གནས་སྟངས་ཛ་དྲག་རྐྱེན་པས་ལས་འགུལ་ཛ་དྲག་སྤེལ་ཐུབ་མེད་ཀྱང་། རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་ཞུ་རྒྱུས་མཚོན་ལས་འགུལ་སྤེལ་ཐུབ་བྱུང་ཡོད། བོད་གཞུང་དམངས་དམིགས་བསལ་ཚོགས་ཆེན་གཉིས་པར་རྡ་སར་ཚོགས་སྐབས་ལྷོ་སྤྱི་དང་ས་གནས་རང་བདེན་ཚོགས་འཐུས་མི་གཉིས་བཅས་ཚོགས་བཅར་གྱིས་ཁྱབ་ཁོངས་ས་གནས་མང་ཚོགས་ཀྱི་བསམ་འཆར་བསྡུ་རུབ་བྱུང་ཁག་ཚོགས་ཐོག་སྙན་སྒྲོན་ཞུས་པ་མ་ཟད། རྗེས་སུ་ཕྱིར་འཁོར་མཚམས་ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོའི་ནང་དོན་ཁག་ས་གནས་མང་ཚོགས་ལ་གསལ་བཤད་འཐུས་ཚང་ཞུས།
ཕྱི་ལོ་ ༢༠༡༣ ཟླ་ ༡ ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་རྒྱ་གར་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བར་ལྷོ་ཕྱོགས་ཁུལ་ཕྱོགས་བཞུགས་སྤྱི་འཐུས་རྣམ་པའི་སྣེ་ཁྲིད་འོག་ཀར་ན་ཀྲ་ཀ་དང་། ཀེ་ར་ལ། ཏ་མིལ་ན་ཊུ། པོན་དི་ཅ་རི་བཅས་སུ་ལས་འགུལ་སྤེལ་སྐབས་མངའ་སྡེ་སོ་སོའི་སྲིད་སྐྱོང་དང་བློན་ཆེན། གྲོས་ཚོགས་ཀྱི་འཐུས་མི། གནད་ཡོད་མི་སྣ། གསར་འགོད་པ་སོགས་ལ་འབྲེལ་ལམ་དང་མཇལ་འཕྲད་མཐུན་འགྱུར་ཞུས།
ཀར་ན་ཀྲ་ཀའི་མངའ་སྡེ་གཞུང་མང་གཉིས་ནི་བོད་མི་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་མངའ་གཞུང་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ (Sandhana Gowda) མཆོག་དང་རྗེས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ (Jagdhist Shetter) མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མཚན་གནས་བཞེས་དུས་སོ་སོར་སྦེལ་ལོར་ལྷོ་སྤྱི་ལས་ཁང་ནས་བོད་མི་སྤྱི་དང་། ལྷག་པར་ཀར་ན་ཀྲ་ཀའི་མངའ་སྡེ་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་དང་ད་བར་བོད་མིར་གང་སྤྱིར་མཐུན་འགྱུར་རོགས་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས། བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། གསེར་རྟ་ཚུལ་ཁྲིམས་ལགས། སྒྲོལ་མ་ཚེ་རིང་ལགས་སྦེལ་ལོར་བརྒྱུད་ལྷོ་ཕྱོགས་བོད་མི་གནས་སྡོད་ཁག་ལ་འཚམས་གཟིགས་སྐབས་སྣེ་ལེན་ཕེབས་སྒོ་མཐུན་འགྱུར་ཞུ་སྒོ་ཁག་འཐུས་ཚང་ཞུས། བོད་མིའི་མང་གཙོ་དུས་ཆེན་དང་། རང་དབང་སྒེར་ལངས་དུས་དྲན། ནོ་བེལ་ཞི་བདེའི་འཛིན་རྟགས་དུས་ཆེན་བཅས་སྲུང་བརྩི་ཞུ་སྐབས་མངའ་སྡེའི་ནང་གི་གནད་ཡོད་མི་སྣ་དང་དཔོན་རིགས་ཁག་གདན་ཞུས་ཐོག་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།