༢༠༡༣ ཟླ་ ༥ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་པོ་ཌི་ལན་ཌིའི་ནུབ་བྱང་བོད་རིགས་རིག་གཞུང་བསྟི་གནས་ཁང་དུ་ཁུལ་དེའི་བོད་རིགས་རྣམས་དང་ཆེད་བཅར་ཞུས་པའི་བོད་རིགས་གཞན་དང་སོག་རིགས་རྣམས་ལ་བཀའ་སློབ་ཟབ་རྒྱས་སྩལ་ཡོད།
ཉིན་དེའི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ཌི་ལན་ཌིའི་ནུབ་བྱང་བོད་རིགས་རིག་གཞུང་བསྟི་གནས་ཁང་དབུ་འབྱེད་དང་རབ་གནས་བཀའ་དྲིན་ཆེ་བ་མཛད་རྗེས་བླང་དོར་གྱི་བཀའ་སློབ་མ་སྩལ་གོང་བོད་རིགས་ཚོགས་པའི་ཚོགས་གཙོས་བཤག་སྡོམ་སོགས་ཀྱི་གསུང་བཤད་གནང་དོན། དེ་སྔ་འདི་གའི་ང་ཚོ་བོད་མི་རྣམས་ཀྱིས་མ་ཤེས་རྨོངས་པའི་དབང་གིས་བྱ་བ་ཚུལ་མིན་ལོག་པར་བྱས་རྐྱེན་མགོན་པོ་གང་གི་ཐུགས་དགོངས་འགལ་གཞིར་སོང་། ཀུན་གྱི་མཁྱེན་གསལ་ལྟར་དེ་རྗེས་ས་གནས་འདིར་བཞུགས་བོད་མི་ཡོངས་ནས་འགྱོད་བཤག་ཞུས་ཡོད་པ་དེ་ནས་བཟུང་སྟེ་བོད་རིགས་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷག་པར་ས་གནས་འདིར་ཡོད་བོད་ཀྱི་རིག་གཞུང་བསྟི་གནས་ཁང་འདིར་བོད་སྤྱིའི་དོན་དུ་ཚང་མས་འགན་ཁུར་མཉམ་ལེན་གྱིས་ཏེ་བོད་ཁང་འདི་གསར་རྒྱག་སྐབས་འཛུག་སྐྲུན་དང་ལས་དོན་སྐབས་ཚང་མས་ཆར་གྲུ་མཉམ་འདེགས་བྱས་པར་བརྟེན་ད་ལྟའི་ཆར་ས་གནས་འདིར་བོད་རིགས་རྣམས་ཡག་པོ་ཡོད།
དེ་རིང་ངས་ས་གནས་འདིའི་བོད་རིགས་ཡོངས་ཀྱི་ཚབ་ཞུས་ཏེ་སྔར་བྱས་ཀྱི་ནོར་འཁྲུལ་ལ་གནོང་འགྱོད་དྲག་པོའི་བཤག་སྡོམ་ཞུ་རྒྱུ་དང་ཕྱིན་ཆད་མགོན་པོ་གང་ཉིད་མཆོག་གི་བཀའ་ལས་མི་བརྒལ་བ་ཞུ་རྒྱུའི་དམ་བཅའ་དང་གསོལ་འདེབས་ཞུ་རྒྱུ་ལགས་ན་ལྷ་དགོངས་ཅིས་ཀྱང་དང་བའི་སྐྱབས་འཇུག་བཀའ་དྲིན་ཆེ་བ་མཁྱཻན། མཁྱེན། ཞེས་བཤག་སྡོམ་གསོལ་འདེབས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་༸གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པ་དང་ནང་པའི་ལྟ་གྲུབ་ཀྱི་རིག་གཞུང་འདི་བར་སྐབས་ཚན་རིག་པ་དང་ཐུག་འཕྲད་དང་བགྲོ་གླེང་མཛད་སྐབས་ངོམ་ཆོག་པ་ཡོད་པ་མ་ཟད། ཁྱད་ཆོས་ཁག་གཅིག་ཚན་རིག་ཐོག་ནས་མ་རྙེད་པ་དེ་འདྲ་མང་དག་ཅིག་ནང་པའི་ཚན་རིག་ནས་རྙེད་ཀྱི་ཡོད་སྐོར་བཀའ་སློབ་སྩལ་དོན། ཚན་རིག་པའི་ལྷན་དུ་སྐད་ཆ་ཤོད་སྐབས་ཚན་རིག་པ་མང་པོ་ཞིག་གིས་གཞི་ནས་ནང་སེམས་ཁམས་རིག་པའི་སྐོར་དང་དངོས་པོའི་གནས་ཚུལ་དཔེར་ན་མང་པོ་ཞིག་ལ་ཀོན་ཊམ་ཕི་ཚིག་སི་(quantum physics)ཟེར་རྒྱུ་དེའི་རིག་པ་ཞིག་རྙེད་ཡོད་ཀྱང་དེར་བསྡོམས་ཡག་པོ་ཞིག་རྒྱག་མ་ཤེས་པའི་བཟོ་ལྟ་བུ་དང་། ཡུལ་སྟེང་ནས་རྙེད་རྒྱུ་མེད་པ་ཞིག་ཡིན་ན་དངོས་པོ་ཁོ་རང་མེད་པ་རེད་དམ་ཟེར་རྒྱུའི་མཚམས་སུ་སླེབ་གྲབས་བྱེད་ཀྱི་འདུག སངས་རྒྱས་པའི་གཞུང་ནས་ལོ་ཉིས་སྟོང་གོང་ནས་ཡུལ་གྱི་ངོས་ནས་བརྟག་དོན་བཙལ་ན་རྙེད་རྒྱུ་མེད་པ་ཐག་བཅད། ཕན་ཚུན་ལྟོས་པའི་སྒོ་ནས་རྟེན་འབྲེལ་ལྟོས་སྒྲུབ་གྱི་སྒོ་ནས་འཇོག་སྐབས་ནང་པས་དེ་དག་ལ་དཔྱད་པ་བྱས་ཏེ་དེ་དག་མཐའ་གཉིས་སུ་མ་ལྷུངས་བར་བཞག་པ་སྐོར་བཤད་ཡོད།
དེར་བརྟེན་ཀོན་ཊམ་ཕི་ཚིག་སི་ཞེས་པ་དེ་ནང་པའི་གཞུང་ནང་ཞིབ་ཚགས་ཡོད་པ་གསལ་པོ་རེད། སྔོན་མ་ངོས་ཀྱི་ངོ་ཤེས་རྒྱ་གར་བ་ཞིག་ཡོད་པ་ཁོང་གིས་ཀོན་ཊམ་ཕི་ཚིག་སི་ཞེས་པ་དེ་འཛམ་གླིང་འདིའི་སྟེང་ལྟ་གྲུབ་གསར་པ་ལྟ་བུ་ཆགས་ཡོད། འོན་ཀྱང་རྒྱ་གར་ནང་ཆ་བཞག་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་གཞུང་ལུགས་ནང་ལོ་ཉིས་སྟོང་སྔོན་ནས་གསུང་ཟིན་འདུག ཅེས་ཁོང་གིས་དེ་ལྟར་བརྗོད་བྱུང་། ཅེས་དང་གཞན་ཡང་༸གོང་ས་མཆོག་གི་སངས་རྒྱས་པའི་གསུང་འདི་ནམ་རྒྱུན་དུམ་བུ་གསུམ་དུ་དབྱེ་འབྱེད་མཛད་ཀྱི་ཡོད་པ། དེ་ཡང་ནང་པའི་ཚན་རིག་དང་། ནང་པའི་ལྟ་གྲུབ། ནང་པའི་ཆོས་བཅས་ཡིན། དུམ་བུ་དང་པོ་དང་གཉིས་པ་གཉིས་ནི་ཚང་མས་སློབ་སྦྱོང་གནང་ཆོག་པ་ཞིག་ཡིན། མཐའ་མ་དེ་ནང་ཆོས་བྱེད་མཁན་ཁོ་ནས་ཡིན། ཞེས་དང་དེ་མིན་རིག་གཞུང་གལ་ཆེ་ཡིན་སྐོར་བཀའ་སློབ་སྩལ་དོན། ལོ་ངོ་སྟོང་ཕྲག་གཉིས་ཙམ་རིང་ལ་དམིགས་བསལ་གྱི་མི་རིགས་ཤིག་འདི་ལྟར་གནས་ཐུབ་རྒྱུ་དེ་གང་ལྟ་བོད་པའི་ཆོས་དང་སྐད་ཡིག་ཡོད་པའི་དབང་གིས་བྱུང་བ་རེད། ཆབ་སྲིད་ཐོག་ནས་བཤད་ན། དུས་རབས་བདུན་པ། བརྒྱད་པ། དགུ་པ། དེའི་སྐབས་བོད་སྤྱི་ལ་དབང་པའི་ཆོས་རྒྱལ་ཡོད་པས་མདོར་ན་ཆོལ་ཁ་གསུམ་མངའ་རིས་དང་བཅས་པ་ས་ཁུལ་རྒྱ་ཆེན་པོ་ཞིག་གཅིག་འགྱུར་བྱས་ཏེ་ཡོད། རྒྱ་ནག་ལའང་དམག་དྲངས་རྒྱུ་དེ་འདྲ་བྱུང་ཡོད། དེ་ནས་དུས་རབས་དགུ་པའི་མཇུག་ནས་བཟུང་བོད་སིལ་བུ་ཆག་རྗེས་གཅིག་སྒྲིལ་ཞིག་ཧ་ལམ་བྱུང་མྱོངས་མེད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་སུ་ཆོལ་ཁ་གསུམ་སོག་པོའི་རྒྱལ་པོས་ཡར་ཕུལ་བ་ཡིན་ཟེར་རྒྱུ་ཞིག་རྣམ་མཐར་ནང་གསུང་གི་ཡོད། རེད་དེ་ཆེ་བསྟོད་ལྟ་བུས་དེ་ལྟར་ཕུལ་བ་རེད་བརྗོད་རྒྱུ་མ་གཏོགས་འཛིན་སྐྱོང་དང་བཀོད་སྒྲིག་ཆོལ་ཁ་གསུམ་ནང་གནང་བའི་བཟོ་ཞིག་ཧ་ལམ་ཡོད་པའི་བཟོ་མི་འདུག དེ་འདྲ་བྱས་ནས་ཕྱིན་པ་རེད། དེ་ནས་མར་སྣེ་གདོང་དང་རིན་སྤུངས། སྡེ་པ་གཙང་པ་བཅས་པ་དེ་དག་སོ་སོའི་ས་ཁུལ་དུ་མི་ཆེན་དཔོན་ཆེན་བྱས་ཏེ་གནས་པ་ཙམ་ལས་མེད། དེ་ནས་དགའ་ལྡན་ཕོ་བྲང་ཚུགས་པ་རེད། དེ་ཡང་བོད་དབུས་གཙང་ཁུལ་དང་སྟོད་ཁུལ་དེ་འདྲ་བྱས་ནས་རེད། ཇོ་བོ་རྗེ་དུས་རབས་བཅུ་གཅིག་པར་བོད་ལ་ཕེབས་སྐབས་མངའ་རིས་ཆོས་རྒྱལ་ཞེས་བོད་སིལ་བུར་ཆགས་ཟིན་རྗེས་མངའ་རིས་ཆོས་རྒྱལ་གྱི་གདུང་རྒྱུད་གཅིག་མངའ་རིས་ཁུལ་དུ་ཡོད་པ་ཆུང་ཆུང་ཧ་ཅང་སེམས་སྐྱོ་དགོས་རྒྱུ་ཞིག་འདུག ཅེས་དང་གང་ལྟར་མི་རིགས་བདག་པོ་བརྒྱབ་སྟེ་གནས་ཐུབ་རྒྱུ་དེ་ཆོས་དང་རིག་གཞུང་གཅིག་པུ་ཡིན་སྐོར་བཀའ་སློབ་ཕེབས་ཡོད།
གཞན་ཡང་བོད་ཀྱི་ས་ཁུལ་ཁག་གིས་སྐོར་བཀའ་སློབ་ཕེབས་དོན། ངོས་རང་ཆུང་ཆུང་སྐབས་ངོས་ཀྱི་པ་ལགས་དང་ཨ་མ་ལགས་ཁོང་རྣམ་པར་ང་ཚོའི་དཔོན་པོ་སུ་རེད་དམ་བརྗོད་ན། ཟི་ལིང་མཱ་འོ་ཀྲུ་ཞི་རེད་ཅེས་པ་ལས་དགའ་ལྡན་ཕོ་བྲང་རེད་ཅེས་བརྗོད་ཀྱི་མ་རེད། བྱས་གཙང་ཆབ་སྲིད་ཐོག་ནས་བོད་ཁ་ཐོར་ཏེ་དར་རྒུད་སྣ་ཚོགས་བྱུང་བ་རེད། དབུས་གཙང་ཁུལ་ལ་ཆ་བཞག་ནའང་གཅིག་འོག་གཅིག་ལ་མ་བསྡུས་པར་བྱབ་ཆུང་ཤ་སྟག་བྱས་ཏེ་བསྡད་འདུག དེར་བརྟེན་ཆབ་སྲིད་ཐོག་ནང་བོད་པ་སྐྱོ་པོ་བྱས་ཏེ་གནས་ཡོད་ཀྱང་བོད་རིགས་གཅིག་སྒྲིལ་ཡོང་རྒྱུ་དེ་གང་རེད་དམ་ཞེ་ན། བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་དེས་བཟུང་ཡོད། དེ་འདྲ་ཡིན་པར་སོང་ངོས་ཀྱིས་བོད་ཀྱི་སྐད་ཡིག་དང་སྐད་ཡིག་དེའི་ནང་ཡོད་པའི་སངས་རྒྱས་པའི་ལྟ་གྲུབ་ཟབ་པོ་དེ་བོད་ཀྱི་བླ་སྲོག་ལྟ་བུ་རེད། ཅེས་བརྗོད་ཀྱི་ཡོད། ཅེས་དང།
མགོན་པོ་གང་ཉིད་མཆོག་གིས་བོད་ནང་གི་བོད་མི་ཚོའི་སྐོར་བཀའ་སློབ་ཕེབས་དོན། ང་ཚོ་རང་དབང་ལུང་པའི་ནང་དུ་ཡོད་པ་ཚོར་རང་དབང་ཡོད་པར་སོང་ང་ཚོ་ཞེ་སྣང་བྱེད་དགོས་ཀྱི་མེད་པས་སྐད་བརྒྱབ་པ་དེ་འདྲ་བྱས་པའི་རྐྱེན་གྱིས་བོད་ནང་རེ་བ་སྟོང་པ་དེ་འདྲ་བསླེབས་ཏེ་ད་གང་འཚམས་ཤིག་ཡོང་གི་མེད་དམ་སྙམ་པའི་དྭོགས་པ་ཡོང་གི་འདུག ང་ཚོས་འདི་ཕྱོགས་ནས་གཅིག་བྱས་ཏེ་འཛམ་གླིང་ཕྱི་ལོགས་ནས་གནོན་ཤུགས་ཐོག་རང་དབང་ཐོབ་ཀྱི་མེད་དམ་སྙམ་པའི་རེ་བ་སྟོང་པ་དེ་འདྲ་བྱུང་བ་སོགས་བོད་ནང་གི་མི་རྣམས་ཧ་ལས་པའི་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་རེད། དེ་འདྲ་བྱས་པར་བརྟེན་གྲུབ་འབྲས་ལ་རྒྱ་མིས་དོ་དམ་དང་དྲག་གནོན་ཆེ་རུ་བཏང་བ། སེམས་ཤུགས་ཡོད་མཁན་མང་པོ་ཞིག་འཇུ་བཟུང་དང་གར་སོང་ཆ་མེད་དུ་གྱུར། སྡུག་ཤོས་ཤིག་ལ་བོད་ཀྱི་སྐད་ཡིག་ལ་སོགས་པའི་ཐོག་ལས་འགུལ་སྤེལ་རྒྱུ་དང་ཤུགས་རྒྱག་མཁན་ཚོར་བར་སྐབས་ཤིག་ནས་དམ་བསྒྲགས་བྱེད་ཀྱི་འདུག ཅེས་དང་ཡང་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། དཔེར་ན། ང་ཚོར་རང་བཙན་དགོས་ཀྱི་ཡོད་ཅེས་སྐད་འབོད་བྱེད་མཁན་མང་པོ་ཡོད། རང་བཙན་ང་ཚོར་ཐོབ་ཐང་ཡོད་པ་རེད། དཔེར་ན་ངོས་ཀྱིས་སྔོན་དུ་བརྗོད་པ་ལྟར་དུས་རབས་བདུན་པ། བརྒྱད་པ། དགུ་པ། དེ་དག་བརྩོད་མེད་ཡོངས་གྲགས་རེད། དེར་ང་ཚོས་ཁུངས་སྐྱེལ་རྒྱུ་མཚན་དྲངས་དགོས་མེད། རྒྱ་ཡི་ཡིག་ཆའི་ནང་དུ་སྐབས་དེ་དུས་བོད་རང་དབང་ཡིན་པ་དང་རྒྱ་དང་འདྲ་མཉམ་ཡིན་པ་རྒྱ་ཡིག་གི་ཡིག་ཆའི་ནང་དུ་འདུག་པས་བརྩོད་མེད་ཡོངས་གྲགས་རེད། དེར་བརྟེན་ཐོབ་ཐང་ཡོད་པ་རེད། འོན་ཀྱང་ད་ལྟ་ང་ཚོའི་སྲིད་བྱུས་འགྱུར་དགོས་ཀྱི་འདུག་ཟེར་རྒྱུར་ཕྱིན་པ་ཡིན་ན། དེར་བསམས་བློ་ནན་ཏན་བཏང་ན་མ་གཏོགས་སྲིད་བྱུས་འགྱུར་ཆོག་གི་རེད། སྲིད་བྱུས་འགྱུར་ནས་རང་བཙན་ཐབས་རྩོད་བྱས་ཆོག་གི་རེད།
རང་བཙན་ཐབས་རྩོད་བྱས་ན་ག་འདྲ་ཟེ་བྱེད་ཀྱི་ཡིན་ནམ། སྔོན་ལ་ཨ་རི་དང་རྒྱ་གར་གྱིས་རྒྱབ་སྐྱོར་བྱེད་ཀྱི་རེད་དམ་མ་རེད། རྒྱབ་ནས་སེམས་གསོ་བཏང་ན་འགྲིག་གི་མེད། བོད་རང་བཙན་རེད། རྒྱ་མི་བོད་ནང་བསྡད་ན་འགྲིག་གི་མ་རེད་ཅེས་ཐོན་དགོས་ཀྱི་ཡོད། འཛམ་གླིང་རྒྱལ་ཚོགས་ནས་བྱེད་ཀྱི་རེད་དམ། རྒྱལ་ཚོགས་ལ་ཆ་བཞག་ན་ཁྱེད་ཚོ་མ་སྐྱེས་གོང་ནས་ངོས་དང་འབྲེལ་བ་བྱུང་ཡོད། ཕྱི་ལོ་ ༡༩༥༠ ལོར་ཐོག་མར་ཆབ་མདོར་རྒྱ་དམག་འབྱོར་སྐབས་ང་ཚོས་འཛམ་གླིང་རྒྱལ་ཚོགས་ལ་ཞུས་ཡོད། དེ་དུས་རྒྱལ་ཚོགས་སུ་ཞུ་ཡིག་དབྱིན་ཡིག་ཐོག་འབྲི་མཁན་ང་ཚོའི་ནང་ནས་ཚད་ལོང་བ་ཞིག་འབྲི་ཐུབ་མཁན་དཀོན་པོ་ཡིན་དུས་བདེ་སྐྱིད་གླིང་ཁར་རྒྱ་གར་བ་སྐུ་ཞབས་སི་ན་ཞུ་བ་ཞིག་ཡོད་པ་ཁོང་བོད་པར་ཧ་ཅང་ཞེན་ཁོག་ཡོད་པ་ཞིག་ཡོད་པ་ཁོང་གི་ཟིན་བྲིས་བརྒྱབ་པ་རེད། དེ་ནས་ངོས་རང་གྲོ་མོར་ཕྱིན་པ་རེད། ཁོང་གིས་ད་ཆ་༸རྒྱལ་བ་རིན་པོ་ཆེ་ལྷ་སར་བཞུགས་ནས་དགོས་པ་མེད་ཕེབས་དགོས་རེད། ང་ཡང་ལྷན་དུ་ཡོང་གི་ཡིན་ཞེས་བརྗོད་བྱུང་། རྗེས་སུ་དངོས་གཞི་ངོས་རང་རྩེ་ནས་བྲོས་ཡོང་སྐབས་ཁོང་རང་འཇམ་ཐིང་ངེར་བསྡད་སོང་མ་གཏོགས་མཉམ་དུ་ཡོང་རྒྱུའི་སྐད་ཆ་གང་ཡང་མི་འདུག དེ་ནི་རྒྱ་གར་གཞུང་གི་བཀའ་འཁྲོལ་མ་རག་པ་གསལ་པོ་རེད། རྒྱལ་ཚོགས་སུ་འབུལ་རྒྱུའི་སྙན་ཞུ་བཟོ་སྐབས་ཁོ་རང་ང་ཚོའི་མཉམ་དུ་ཡོང་རྒྱུའི་བསམ་བློ་དེ་འདྲ་ཡོད་པ་རེད། གཞུང་ལ་ཐུག་དུས་ངོས་རང་འགྲོ་སྐབས་ཡོད་པ་མ་རེད། དེ་ཙམ་དུ་མ་ཟད་ངོས་གྲོ་མོར་འབྱོར་སྐབས་ཕར་ཕྱོགས་ཀྱི་ལ་དེའི་རྒྱབ་འབྲས་ལྗོངས་རེད། འབྲས་སྤྱི་བློན་ཆེན་ནམ་རྒྱུན་ལྷ་སར་ཡང་དུས་དུས་ལ་ཡོང་གི་ཡོད། ངོས་གྲོ་མོར་སླེབས་སྐབས་ལ་ཕར་རྒྱབ་ཚུར་རྒྱབ་ཡིན་དུས་འབྲས་སྤྱི་བློན་ཆེན་ཡོང་དགོས་རྒྱུའི་བཟོ་ལྟ་བུ་རེད་དེ་སླེབས་ཡོད་པ་མ་རེད། སངས་རྒྱས་ཀྱི་རིང་བསྲེལ་གྲོ་མོར་གདན་འདྲེན་ཞུས་པ་དེའི་ལྷན་དུ་རྒྱ་གར་ནང་པའི་ཆོས་ཚོགས་ཀྱི་གཙོ་འཛིན་དང་དགེ་སློང་ཁག་གཅིག་ཕེབས་ཡོད། འོན་ཀྱང་འབྲས་སྤྱི་བློན་ཆེན་ངོས་གྲོ་མོར་གང་ཙམ་བསྡད་ཀྱང་རྡོག་ཙམ་ཡང་བྱས་མེད། དེ་ཚོའི་གྲས་ནི་བཟོན་བྱེད་ཀྱི་ཡོད། འཛམ་གླིང་རྒྱལ་ཚོགས་ལ་བོད་པའི་གནས་ཚུལ་ཞུས་ཟིན་རྗེས་དབྱིན་ཇི་སྐུ་ཚབ་ནས་རྒྱ་བོད་གཉིས་ཐད་ཀར་འབྲེལ་བ་བྱེད་ཀྱི་ཡོད་པས་རྒྱལ་ཚོགས་ནང་གོ་སྡུར་བྱེད་དགོས་ཀྱི་མེད། ཅེས་དང་དེར་རྒྱ་གར་གཞུང་གིས་རྒྱབ་སྐྱོར་བྱས་པ་བཅས་གྲོས་ཆོད་དང་གོ་སྡུར་བྱེད་རྒྱུ་བྱུང་མེད། ཅེས་བཀའ་སློབ་ཕེབས་ཡོད།
༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་ཐོག་བཀའ་སློབ་ཕེབས་དོན། ཕྱི་ལོ་ ༡༩༥༩ ལོར་ངོས་རང་རྒྱ་གར་ནང་སླེབས་རྗེས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་སྐབས་ནེ་རུས་རྒྱལ་ཚོགས་ལ་ཞུས་ནས་དགོས་པ་དང་ཕན་ཐོགས་ཡོད་པ་མ་རེད་བརྗོད་བྱུང་། ནེ་རུ་མཆོག་བོད་པར་ཤ་ཚ་ཧ་ཅང་ཆེན་པོ་ཡོད་པ་རེད། ཁོང་གིས་བོད་ཀྱི་བདེན་དོན་ཐབས་རྩོད་དེ་མ་ཡལ་བར་གནས་ཐུབ་རྒྱུའི་ཐབས་ཤེས་ཡག་ཤོས་དེ་བོད་མི་གཞོན་སྐྱེས་ཚོར་སློབ་སྦྱོང་ཡག་པོ་ཞིག་སྤྲོད་དགོས་པ་རེད། ཅེས་སྐབས་དེ་དུས་རྒྱ་གར་གཞུང་ཕྱོགས་ནས་བོད་མིའི་ཤེས་ཡོན་གྱི་འགྲོ་གྲོན་ཡོངས་སུ་རྫོགས་པ་དབུས་གཞུང་གིས་འགན་བཞེས་ཏེ་གནང་ཡོད། དེ་ལྟར་ང་ཚོས་ཚད་ཚད་ཐུག་ཐུག་ཧ་ཅང་མང་པོ་བྱས་ཡོད། དེ་ནས་ ༡༩༦༥ ལོར་རྒྱལ་ཚོགས་ལ་ཐེངས་གཅིག་ཞུས་ཡོད་པའི་གྲོས་ཆོད་གསུམ་པ་དེ་ཆགས་ཡོད། དེ་ནས་ཐ་ཡོང་རྒྱུ་གང་ཡང་མི་འདུག་དེ་ལས་རྒྱ་མི་རང་ལ་མེས་འཚིག་མེས་གཏུག་བྱས་ན་ཡག་པ་ལས་ཕྱི་ལོགས་ནས་ཁག་པོ་འདུག་ཅེས་མཐར་ཕྱི་ལོ་ ༡༩༧༤ ལོར་རྡ་སར་བཀའ་སྤྱི་ལྷན་རྒྱས་སུ་ང་ཚོས་སྔ་ཕྱིར་མ་གཏོགས་རྒྱ་ནག་གཞུང་དང་ཐད་ཀར་སྐད་ཆ་ཤོད་རྒྱུ་རེད། དེར་བརྟེན་རང་བཙན་སྐད་ཆ་ཤོད་ས་ཡོད་པ་མ་རེད། ད་ཆ་ང་ཚོར་རང་སྐྱོང་མིང་དོན་མཚུངས་པ་ཞིག་དེ་ཡང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་ཞིག་གི་ཐོག་ང་ཚོས་བསམ་བློ་བཏང་ན་ཞེས་ང་ཚོས་དེ་ལྟར་ཐག་གཅོད་བྱས་པ་རེད། དེ་ནས་ ཕྱི་ལོ་ ༡༩༧༨ ལོ་མཇུག་དེར་ཏིང་ཞའོ་ཕིང་གིས་རྒྱ་ལོ་དོན་གྲུབ་ལ་ཐུག་འཕྲད་བྱེད་ཀྱི་ཡིན་ཞེས་འབྲེལ་བ་ཞིག་བྱུང་བ་རེད། དེ་ཡིན་དུས་ང་ཚོའི་ངོས་ནས་དབུ་མའི་ལམ་ཞེས་པའི་ཐ་སྙད་དེ་སྦྱར་མེད་ཀྱང་ནང་དོན་ང་ཚོས་གྲལ་བསྒྲིགས་ཚར་བ་ཡིན་དུས་ད་ཡག་པོ་འདུག་འགྲོ་རྐྱང་བྱེད་དགོས། ང་ཚོའི་ངོས་ནས་ཆོལ་ཁ་གསུམ་འདྲ་མཉམ་དང་ཆིག་སྒྲིལ་ཐོག་རང་སྐྱོང་ཞིག་བྱུང་ན་ང་ཚོས་རང་བཙན་བརྩོད་ཀྱི་མིན། ཞེས་བརྗོད་ཡོད་པ་རེད། དེ་ནས་རིམ་པས་མུ་མཐུད་དེ་འབྲེལ་བ་བྱེད་རྒྱུ་ཞིག་བྱུང་བ་རེད། འོན་ཀྱང་ཕྱི་ལོ་ ༡༩༩༤ གཡས་ཡོན་ལ་འབྲེལ་བ་དེའི་མཚམས་གཅིག་ཆད་པ་རེད། དེ་དུས་རྒྱ་ནག་ཏུ་མང་གཙོའི་ལས་འགུལ་སྤེལ་རྒྱུ་ཞིག་ཆགས་ཏེ་ཧུ་ཡའོ་ཕང་ལས་གནས་ནས་བཤོལ་རྗེས་མཁྲེགས་ཏུ་ཕྱིན་ཡོད། དེ་འདྲ་སོང་བོད་ཀྱི་གནས་ཚུལ་ཡང་བྱུང་མེད། དེ་མིན་ཧུ་ཡའོ་ཕང་མུ་མཐུད་གནས་པ་དང་རྒྱ་ནག་དབུས་གཞུང་སྲིད་བྱུས་དེ་འདྲ་བྱས་ཕྱིན་པ་ཡིན་ན་ད་གཟོད་བོད་དོན་ཐག་གཅོད་ཏན་ཏན་བྱུང་ཡོད་ངེས་རེད། ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱ་སྩལ་ཡོད་པ་བཅས།།