༢༠༡༣ ཟླ་ ༥ ཚེས་ ༣ རེས་གཟའ་པ་སངས།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༉༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་(Kentucky)ཀི་ན་ཊ་ཀའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ཚོགས་ཀྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༩ ནས་ ༢༡ བར་ཁྱོན་ཉིན་གྲངས་གསུམ་རིང་མངའ་སྡེ་དེའི་ནང་མཛད་འཕྲིན་སྐྱོང་ཆེད་ཆིབས་སྒྱུར་བསྐྱང་གཏན་འཁེལ་འདུག
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་ (Maryland) མར་རི་ལན་ཌེ་མངའ་སྡེའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་སྒྱུར་དང་དེ་རྗེས་ཕྱི་ཚེས་ ༩ ནས་ ༡༢ བར་ནུབ་བྱང་མངའ་སྡེའི་པོར་ཊི་ལན་ཌིའི་ནང་འཚོགས་རྒྱུའི་༼ཀུན་ཁྱབ་འགན་ཁུར་དང་ནང་སེམས་ཀྱི་ཁོར་ཡུག་༽ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སོགས་སྩལ་རྒྱུ་ཡིན་འདུག དེ་ནས་མངའ་སྡེ་ཝི་སི་ཀོན་སིན་ (Wisconsin )༸ཞབས་སོར་འཁོད་རྗེས་ཆོས་འབྲེལ་དང་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་མགོན་པོ་གང་ཉིད་མཆོག་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཀི་ན་ཊ་ཀའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ཚོགས་སུ་༸ཞབས་སོར་འཁོད་རྗེས་རབ་གནས་མཛད་རྒྱུ་དང་། ཉིན་རྒྱབ་མི་དམངས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༠ ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་མི་དམངས་ལ་ཆོས་འབྲེལ་དང་ལྷག་པར་གཞོན་སྐྱེས་ཚོར་སྙིང་རྗེ་ཉམས་ལེན་བྱེད་སྟངས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་དང་བཀའ་སློབ་སྩལ་རྒྱུ་སོགས་ཀྱི་མཛད་འཆར་དུ་མ་ཞིག་བསྐྱང་རྒྱུ་ཡིན་འདུག །