༢༠༡༣ ཟླ་ ༥ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅།། ཉེ་ཆར་རྒྱ་གར་དབུས་གཞུང་ནས་ལྡི་ལི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་དབུས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་རྒྱུ་ཐག་གཅོད་གནང་ཡོད་སྟབས། རིང་མིན་སློབ་གྲྭ་འདི་ཚོའི་ནང་རྩིས་པ་དང་དྲུང་ཡིག་གང་མང་དགོས་མཁོ་ཡོད་པ་ལྟར། རང་རེའི་སྤྱི་ཚོགས་ནང་གཤམ་གསལ་ཆ་རྐྱེན་ཚང་ཞིང་གོང་གསལ་ས་མིག་ཐོག་ཞབས་ཞུ་གནང་འདོད་ཡོད་རིགས་ནས་དགོས་མཁོའི་ལག་འཁྱེར་ཡིག་ཆའི་ངོ་བཤུས་དང་སྦྲགས་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣༠ འགྱངས་མེད་ཤེས་རིག་དྲ་རྒྱ་ www.sherig.org ནང་ཡོད་པའི་འཚང་སྙན་འགེངས་ཤོག་ལྟར་འགེངས་འབུལ་ཞུ་དགོས།
འཚང་སྙན་འབུལ་མཁན་རྣམས་རྒྱུགས་སྤྲོད་ལམ་ནས་འདེམས་སྒྲུག་བྱས་ཏེ་མི་འགྲོ་ ༣༥ ལ་ཟླ་བ་གཅིག་རིང་ས་རཱ་མཐོ་སློབ་ཏུ་བོད་ཨིན་སྐད་ཡིག་གཉིས་དང༌། རྩིས་ཀྱི་འགྲོ་སྟངས་སོགས་སྦྱོང་བརྡར་སྤྲད་ནས་མཐའ་མའི་རྒྱུགས་སྤྲོད་ཨང་རིམ་ལ་གཞིགས་ནས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་སློབ་ཁག་ནང་འདེམས་བསྐོ་གནང་རྒྱུ་ཡིན།
དགོས་མཁོའི་ཆ་རྐྱེན་ཁག
༡༽ རྩིས་པ་ལ་བྷི་ཀོམ (B.Com) དང༌། དྲུང་ཡིག་ལ་བྷི་ཨེ་དང་བྷི་ཀོམ། བྷི་ཨེས་སི། B.A/B.Com/B.Sc སློབ་ཐོན་ལག་འཁྱེར་རམ་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་དགོས། འདི་ལོ་མཐོ་སློབ་ཐོན་མཁན་ཡིན་ཚེ་སྙན་འབུལ་ཆོག་ཀྱང༌། སྦྱོང་བརྡར་སྐབས་སུ་སློབ་ཐོན་ལག་འཁྱེར་དང་ཨང་ཤོག་ངེས་པར་འབུལ་ལམ་ཞུ་དགོས།
༢༽ ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ བར་འབུལ་འབབ་གཙང་ཕུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༣༽ ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༤༽ ད་ལྟ་རང་རེའི་སྤྱི་ཚོགས་ཀྱི་སྡེ་ཚན་གང་རུང་དུ་ལས་ཞབས་ཞུ་མུས་ཡིན་ཚེ་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་ངོ་མ།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལས་ཁུངས་གང་རུང་གི་ཟུང་དྲུང་ཡན་དང༌། ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་གིས་ངོ་མཚུངས་ཡིན་པའི་དག་མཆན་ངེས་པར་དུ་འཁོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས ༡༡ ལ།
SECRETARY
Department of Education, CTA
Gangchen Kyishong, Dharamsala-176 215 (H.P.)
India- Fax: 01892-223481, E-mail: [email protected]