༢༠༡༣ ཟླ་ ༥ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །འདི་གར་རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ ཉིན་བོད་རིགས་གནས་སྡོད་ས་ཕྱོགས་གང་སར་བོད་དོན་རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེའི་ཉིན་མོ་སྲུང་བརྩི་ཞུས་པ་ལྟར། རྡོར་གླིང་བོད་མིའི་གཞིས་ཆགས་སུའང་གོང་ཚེས་ཉིན་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་རྡོར་གླིང་ཁུལ་གྱི་བོད་མི་རྣམས་ཀྱིས་གསུམ་མདོ་ཅོ་རས་ཐར་མཆོད་འབུལ་སྨོན་ལམ་ཚོགས་གྲུབ་བསྟུན། མར་མེ་ཁྲོམ་སྐོར་གནང་ཡོད་པ་མ་ཟད། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་ནས་མྱུར་དུ་དོ་དམ་འོག་ནས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་སྙན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་འབུལ་རྒྱུའི་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཡང་དབུ་འཛུགས་གནང་ཡོད།
དེ་བཞིན་ཟླ་བ་ ༥ པའི་ནང་རྡོར་གླིང་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་དག་གཅིག་ཡོང་བཞིན་ཡོད་པ་དང་སྟབས་བསྟུན། བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་འགྱུར་བའི་གནས་ཚུལ་སྔ་རྗེས་ཡིག་ཆ་དང་སྦྱར་ཡིག དེ་བཞིན་ངག་ཐོག་གསལ་བཤད་སོགས་གནང་འདུགཔ་བཅས།།