༢༠༡༣ ཟླ་ ༥ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་སྒྲུབ་མཚམས་གསུང་རའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་དང་སྲི་ཞུའི་ལས་བྱེད་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་མི་མང་། སློབ་ཕྲུག་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་མང་པོ་ལྷན་འཛོམས་ཐོག་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཕོ་མོ་རྣམས་ཆེད་རྗེས་དྲན་མྱ་ངན་གུས་འདུད་སྐར་མ་གཅིག་གནང་། དེ་ནས་སཱ་ར་མཐོ་སློབ་ཀྱི་སློབ་དགེ་གཙང་ཕྲུག་སྟོབས་ལགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་གནང་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་འདིར་རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེའི་ཉིན་མོར་ཕེབས་པའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སེར་སྐྱ་མི་མང་ཚང་མར་བཀའ་ཤག་གི་ཚབ་ཞུས་ཏེ་སྙན་སེང་ཞུ་རྒྱུར་གདུང་སེམས་མཉམ་སྐྱེ་ཞུ་དགོས་པ་ནི་ད་བར་བོད་ནང་རྒྱ་ནག་དམར་པོའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེས་དམ་བསྒྲགས་འོག་ང་ཚོས་ཤེས་པར་མི་ ༡༡༧ ཡི་བོད་བསྟན་སྲིད་མི་རིགས་ཆེད་དུ་སྐུ་ལུས་མེར་སྲེག་བཏང་ཡོད། དེའི་ནང་ནས་ ༡༠༠ འདས་གྲོངས་སུ་གྱུར་བ་ང་ཚོས་ཤེས་པ་དེ་དག་ཡིན་པ་དང་ང་ཚོས་མ་ཤེས་པར་རྒྱ་ནག་དམར་པོའི་བཙན་དབང་འོག་ཏུ་འདས་གྲོངས་དང་དམར་བསད། བཙོན་ཁང་ནང་ཡོད་བཞིན་པ་རྣམ་པ་སྣ་ཚོགས་མང་པོ་ཞིག་དང་། བོད་མི་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་འཕྲད་དེ་ད་བར་དེ་འདྲ་ཆགས་ཡོད། དེར་བརྟེན་ཕྱི་ལོ་ ༡༩༩༥ ལོའི་དེ་རིང་གི་ཉིན་མོ་འདིར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྒྱ་མིས་བཙན་བཟུང་བྱས་ཏེ་འཚོ་གནས་ཡོད་མེད་ཤེས་རྟོགས་རྩ་བ་ནས་མེད།
ཁོང་རྣམ་པའི་ཆེད་དུ་སེར་སྐྱ་མི་མང་ཚང་མ་འཛོམས་ཏེ་གདུང་སེམས་མཉམ་སྐྱེ་ཞུ་གི་ཡོད། ག་རེ་བྱས་ཏེ་ཞུ་གི་ཡོད་དམ་ཞེ་ན། བོད་ནང་སོ་སོའི་ལུང་པར་སྡུག་བསྔལ་ཆེན་པོ་ཡོད་པ་དང་སོ་སོའི་མི་རིགས་ཀྱི་དཔའ་བོ་དེ་དག་སྲོག་ཚུན་ཆད་བློས་བཏང་བཞིན་པར་སོང་། དེ་རིང་བོད་མི་གནས་སྡོད་ཕྱི་རྒྱལ་ཡུལ་གྲུ་གང་སར་ཉིན་བརྒྱ་དུས་གཅིག་ཏུ་སྲུང་བརྩི་བྱེད་ཀྱི་ཡོད། ད་བར་རྒྱ་ནག་དམར་པོའི་གཞུང་གི་ལོ་ངོ་ ༥༣ ཙམ་རིང་བོད་ཡུལ་དེ་རྒྱ་ཡུལ་དུ་སྒྱུར་ཐབས་དང་བོད་མི་རིགས་ཤུལ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཞིག་བཟུང་འགྲོ་བཞིན་ཡོད། བོད་མི་ཚོ་སོ་སོའི་ལུང་པར་གྲངས་ཉུང་མི་རིགས་ཆགས་པ་དང་། འགྲོ་སྡོད་དང་སྨྲ་བརྗོད་ཀྱི་རང་དབང་མེད་པར་གྲོང་ཁྱེར་ལྷ་ས་དང་གཞིས་རྩེ་ལྟ་བུར་མཚོན་ན་ཁང་པ་དང་ཚོང་ཁང་གནམ་ཐང་དང་ལྕགས་ལམ་སོགས་བཟོས་ཡོད། དེ་དག་ག་རེའི་ཆེད་དུ་བཟོས་པ་རེད་དམ་ཞེ་ན། ཁོང་ཚོའི་འདོད་དོན་བསྒྲུབ་ཐབས་དང་བོད་ཡུལ་རྒྱ་ཡུལ་སྒྱུར་ཐབས་ཀྱི་དམིགས་ཡུལ་བཞིན་བཟོས་པ་མ་གཏོགས་བོད་མི་མང་ལ་ཁེ་ཕན་ཆེད་དུ་བཟོས་པ་ཞིག་ང་ཚོས་ངོས་འཛིན་ཞུ་ཐབས་མེད་པ་མ་ཟད།
ཕྱི་དངོས་པོའི་ཐོག་ནས་བོད་ཀྱི་ཁོར་ཡུག་བཙན་བཟུང་བྱས་ཏེ་ལོ་ངོ་དེ་དག་ཕྱིན་ཡོད་ཀྱང་། བོད་མི་ས་ཡ་དྲུག་གི་སེམས་པ་དེ་བསྡུ་ཐུབ་མེད། ད་བར་བོད་ནང་བོད་མིས་ལས་འགུལ་སྤེལ་ཏེ་རང་སྲོག་བཏང་ནས་གཞས་པ་དང་རྩོམ་པ་པོ་ཚོས་དེ་རིང་གཞས་བཏང་བ་དང་དཔེ་དེབ་པར་སྐྲུན་གནང་རྗེས་སང་ཉིན་གང་དུ་སླེབས་ཀྱི་ཡོད་མེད་ཤེས་ཀྱི་མེད། འོན་ཀྱང་བོད་བསྟན་སྲིད་མི་རིགས་ཆེད་དུ་བློ་ཁོག་ཆེན་པོ་གནང་གི་ཀྱི་ཡོད། ང་ཚོ་རྒྱ་གར་གྱི་གཙོས་ཕྱི་རྒྱལ་རང་དབང་ལུང་པར་ཡོད་པ་ཚོས་ག་རེ་བྱེད་དགོས་སམ། དེ་རིང་གདུང་སེམས་མཉམ་སྐྱེའི་ཉིན་མོ་སྲུང་བརྩི་ཞུས་ཏེ་ཚར་བ་མ་ཡིན་པར་ང་ཚོ་སྐད་ཆ་ཤོད་མཁན་ཀྱིས་ཁྱེད་རང་ཚོའི་ཉན་མཁན་ཚོའི་སེམས་པ་འགུལ་ཐུབ་པ་ཞིག་ཤོད་ཐུབ་དགོས་ཀྱི་ཡོད་ལ་བོད་ནང་རྒྱ་མིའི་བྱེད་སྟངས་དང་རྒྱལ་གཅེས་པ་ཚོའི་སེམས་ཤུགས་འཁྱེར་སྟངས་དེར་ང་ཚོས་བསམ་བློ་བསྐྱར་དུ་བཏང་ནས་སོ་སོའི་ཉིན་རེ་བཞིན་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་སེམས་ཤུགས་གསར་པ་ཞིག་སྐྱེས་དགོས་པ་དང་། ང་ཚོ་བཀའ་ཤག་ངོས་ནས་ད་བར་དུ་གཅིག་སྒྲིལ། གསར་གཏོད། རང་ཁ་རང་གསོའི་ལྟ་གྲུབ་གསུམ་གཞི་བཞག་གི་ལས་དོན་ཚང་མ་འཆར་གཞི་དང་ལྡན་པའི་ལངས་ཕྱོགས་གསལ་པོ་ཡོད་པའི་ཐོག་ནས་གནང་དང་གནང་མུས་ཡིན།
ད་ལྟ་བར་དུ་༸གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་མཛད་རྗེས་བཙན་བྱོལ་ནང་གི་ལས་དོན་གང་ཡིན་ཀྱང་ང་ཚོ་གྲོས་བསྡུར་མང་པོ་བྱས་ཏེ་སྤེལ་དགོས་ཀྱི་ཡོད། བཀའ་སྤྱི་གཉིས་ཀྱི་གྲོས་ཆོད་ཀྱི་ཐོག་ནས་ན་ནིང་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འདུས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་གཞིར་བཞག་སྟེ་ང་ཚོ་རང་དབང་ལུང་པར་ཡོད་པ་རྣམས་ཀྱིས་ག་རེ་བྱེད་དགོས་མིན་གྱི་ཚོགས་འདུ་ཚོགས་ཡོད། རྒྱལ་ཁབ་ ༢༦ ནས་ཚོགས་མི་ ༤༣༢ ཙམ་བཅར་ཡོད་ལ་གཟི་བརྗིད་ཆེན་པོ་དང་དོན་དང་ལྡན་པ་བྱུང་ཡོད། དེའི་སྐབས་གྲོས་ཆོད་བཞག་པའི་ནང་བཀའ་སྤྱི་གཉིས་དང་བཀའ་ཤག་གི་ལག་ལེན་བསྟར་དགོས་པ་མང་པོ་ཞིག་ཡོད། དེའི་ནང་འཛམ་གླིང་རྒྱལ་སྤྱིའི་ཐོག་ལས་དོན་གྲུབ་དགོས་པ་དང་སྤེལ་དགོས་གསལ་ཡོད། དེར་བརྟེན་ན་ནིང་འཛམ་གླིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་ཏེ་བོད་ནང་གནས་སྟངས་ཛ་དྲག་ཐོག་སློབ་སྟོན་ཞུས་ཏེ་ཐག་གཅོད་བྱས་ཡོད། དེ་བཞིན་སྐབས་དེར་རྒྱ་ནག་སྲིད་གཞུང་གི་འགོ་ཁྲིད་འཕོ་འགྱུར་འགྲོ་བཞིན་པར་རྒྱ་བོད་གཉིས་ཐོག་ནས་ཉམས་ཞིབ་གནང་མཁན་དང་དོ་སྣང་ཡོད་པའི་མཁས་པ་གདན་ཞུ་བྱས་ཏེ་གྲོས་བསྡུར་གནང་ཡོད། དེ་མཚུངས་ཚོགས་ཆེན་གཉིས་པའི་གྲོས་ཆོད་གཞིར་བཟུང་ལྡི་ལིར་བཀའ་སྤྱི་གཉིས་ཀྱི་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་ཏེ་རྒྱ་གར་གཞུང་གི་དཔོན་རིགས་ཚོ་ཕེབས་ཏེ་གསུང་བཤད་གནང་ནས་ཞེ་དྲག་རྒྱབ་སྐྱོར་ཆེན་པོ་དང་ཕྱི་རྒྱལ་གཞུང་ཚབ་ཁག་ཏུ་བོད་ནང་གི་བདེ་སྡུག་ཞུ་རྒྱུ་བཅས་བྱུང་ཡོད། ཞེས་བཀའ་ཤག་གི་ལས་དོན་རིམ་པ་གང་གནང་དང་། ལངས་ཕྱོགས་དབུ་མ་དེར་འགྱུར་བ་གང་ཡང་མེད་པར་རྒྱུན་འཁྱོངས་བྱེད་ཀྱི་ཡིན་པ།
བོད་པ་མི་རེ་ངོ་རེ་ནས་འགན་འཁྱེར་ཏེ་བོད་ནང་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་དང་། རྒྱལ་གཅེས་པ་ཚོས་རང་སྲོག་བློས་བཏང་གི་མངོན་འདོད་དེ་དག་ང་ཚོ་རང་དབང་ལུང་པར་ཡོད་པ་ཚོས་བསྒྲུབ་དགོས་པ་འོས་འགན་ཞིག་ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།