༢༠༡༣ ཟླ་ ༥ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཉེ་ཆར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ ཉིན་རྒྱ་ནག་གཞུང་གི་ཕྱི་གཏོང་བརྙན་འཕྲིན་སྒོ་ལམ་ CCTV 4 ཐོག་རང་ལུས་མེར་སྲེག་གི་གནད་དོན་ངོ་སྤྲོད་ཀྱི་བརྙན་པར་བརྡ་ཁྱབ་ཅིག་སྤེལ་ཡོད་པའི་བརྗོད་དོན་སྙིང་པོར་བོད་ནང་བྱུང་བའི་རང་ལུས་མེར་སྲེག་གི་རྒྱུ་རྐྱེན་གཙོ་བོ་བོད་ཀྱི་ཕྱི་ནས་ངན་བསྐུལ་བྱས་ཡོད་ཚུལ་དང༌། དེའི་སྒྲུབ་བྱེད་ཀྱི་ཚུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང༌། བཀའ་ཟུར་ཀིརྟི་རིན་པོ་ཆེ་སོགས་ཀྱི་གསུང་བཤད་དུམ་བུ་འགའ་རྒྱ་གཞུང་གི་དགོས་མཁོ་ལྟར་གཏུབས་བསྒྲིགས་བྱས་ཏེ་ལུང་འདྲེན་བྱས་ཁུལ་བྱས་འདུག་པ་ནི། ཁྲིམས་ལུགས་དང་མིའི་བཟང་སྤྱོད་གཉིས་ཀ་དང་ཡོངས་སུ་འགལ་བའི་ཐ་ཤལ་གྱི་བྱ་ཐབས་ཤིག་ཡིན་པར་མ་ཟད། ཡར་ཐོན་ཅན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོང་བ་དང་ལྐུགས་པ་ལྟ་བུར་བརྩིས་པའི་དམའ་འབེབས་ཆེན་པོ་ཞིག་ཀྱང་རེད།
བརྡ་ཁྱབ་དེའི་བརྗོད་དོན་ཁག་ལ་བདེན་ཆ་སྤུ་ཙམ་མེད་ཅིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡང་རྒྱ་ནག་གཞུང་ལ་ཡིད་ཆེས་འཕེར་བའི་ཁུངས་སྐྱེལ་བསྟན་རྒྱུ་མེད་སྐོར་ཐོན་ཡོད། སྔོན་དུ་ལན་མང་བསྒྲགས་ཟིན་པ་ལྟར་བོད་ནང་བྱུང་བའི་དོན་རྐྱེན་དེ་དག་ཕྱི་ནས་ངན་བསྐུལ་བྱས་པ་ཞིག་ཡིན་མིན་རྟོག་ཞིབ་སླད་ཞིབ་དཔྱོད་ཇི་འདྲ་ཞིག་བྱ་འདུན་ཡོད་རུང་ང་ཚོས་དང་ལེན་ཞུ་རྒྱུ་ཡིན།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐོག་མ་ཉིད་ནས་ཚབས་ཆེའི་ལས་འགུལ་དེ་རིགས་མུ་མཐུད་མི་སྤེལ་བའི་འབོད་བསྐུལ་གསལ་ལ་ནན་པ་ཡོངས་ཁྱབ་ཏུ་ཞུས་ཡོད་པ་དང༌། ང་ཚོས་ཁ་ཞེ་གཉིས་མེད་དང་བསམ་པ་རྣམ་དག་གིས་འབོད་བསྐུལ་དང་འབད་རྩོལ་ཇི་ལྟར་ཞུས་ཡོད་མེད་ཕྱི་ནང་ཀུན་གྱི་དྲན་ལམ་དང་མིག་སྔར་གནས་ཡོད་པ་མ་ཟད། ཡིད་ཆེས་དང་གདེང་འཇོག་འཕེར་བའི་རྒྱལ་སྤྱིའི་གྲགས་ཅན་ཚོགས་སྒེར་མང་པོས་ཀྱང་དེ་དག་ལ་ངོས་ལེན་དང་བདེན་དཔང་གསལ་པོ་བྱས་ཡོད།
ཉེ་སྔོན་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ དང་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༨ སོ་སོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་བསྩལ་བའི་ནང་དུའང༌། བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་མཚམས་འཇོག་བགྱིས་ན་ལེགས་ཚུལ་ཕེབས་ཡོད་པ་ལྟར། ད་ལམ་ཡོངས་ཁྱབ་གསལ་བསྒྲགས་འདི་བརྒྱུད་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་རང་ལུས་མེར་སྲེག་གིས་གཙོས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་བསྐུལ་བསྐྱར་ནན་ཞུ་རྒྱུ་ཡིན།
བོད་མི་སྤྱི་ཡོངས་ཀྱི་མངོན་འདོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང༌། བོད་མིའི་རང་དབང་སླར་གསོ་ཡོང་ཐབས་ལ་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན་ན། དེ་ལུགས་ཚང་མས་ཐུགས་སྣང་གཟབ་བསྐྱེད་གནང་འོས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྤྱི་ཁྱབ་བཀའ་ཤག་གིས། བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༩ ལ་སྤེལ།། །།