༢༠༡༣ ཟླ་ ༥ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་སྦིར་བོད་ཚོགས་སུ་སྨན་པ་བསྟན་འཛིན་བདེ་ཆེན་ལགས་གསར་བསྐོ་གནང་བའི་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་འདུག
དེ་ཡང་གོང་ཚེས་ཉིན་གྱི་མཛད་སྒོར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་སྨན་པ་བསྟན་འཛིན་བདེ་ཆེན་ལགས་ལ་འཚམས་འདྲི་ཞུས་པ་དང་ལྷན་ཁོ་མོས་བོད་མི་ནད་ཀྱིས་མནར་བ་རྣམས་ལ་གང་ཐུབ་སྲི་ཞུ་སྒྲུབ་པའི་རེ་བ་ཡོད། ཅེས་གསུངས་འདུག དེ་བཞིན་དེ་ཉིན་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སྦིར་བོད་ཚོགས་སྨན་ཁང་གི་འགན་འཛིན་ཧ་ར་བསོད་ནམས་མགོན་པོ་ལགས་བསྐྱར་དུ་ལོ་གཅིག་རིང་ལས་ཡུན་འཕར་འགྱངས་གནང་འདུག ད་ལྟའི་ཆར་སྦིར་འཕྲོད་བསྟེན་སྨན་ཁང་དུ་སྨན་པ་དང་ལས་བྱེད་བཅས་ཁྱོན་མི་གྲངས་ ༡༢ ཡོད། སྦིར་འཕྲོད་བསྟེན་སྨན་ཁང་ནས་སྦིར་བོད་ཚོགས་སུ་གནས་སྡོད་བོད་མི་ ༧༠༠༠ བརྒལ་བར་འཕྲོད་བསྟེན་གྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་མ་ཟད། ས་གནས་ཡུལ་མི་རྣམས་ལའང་འཕྲོད་བསྟེན་གྱི་མཐུན་རྐྱེན་སྦྱོར་བཞིན་ཡོད།
སྤྱིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་གྱི་ནང་འཕྲོད་བསྟེན་སྨན་ཁང་ཆེ་བ་ ༧ དང་། གཞི་རིམ་འཕྲོད་བསྟེན་སྨན་ཁང་ ༥༤ ཡོད་འདུག་པ་བཅས།།