༢༠༡༣ ཟླ་ ༥ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༠ ཉིན་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་ བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༥ ཉིན་སྤུ་རུ་ཝ་ལ་ས་གནས་འཐུས་ཚོགས་སྐབས་བདུན་པའི་འདེམས་ཐོན་ཚོགས་མི་རྣམས་དང་ཚོགས་གཙོ། ཚོགས་གཞོན་བཅས་ཀྱི་དམ་བཅའ་འབུལ་བཞེས་ཀྱི་གནང་སྒོ་ཁག་ལེགས་གྲུབ་བྱུང་ཡོད་པ་དང་།
ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༡་༣༠ ནས་ཉིན་རྒྱབ་ཆུ་ཚོད་ ༡་༤༠ བར་ཁུལ་དེའི་སེར་སྐྱ་མི་མང་ལ་སྤུ་རུ་ཝ་ལ་གཞིས་ཆགས་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་ཁག་གི་སྐོར་གཏམ་བཤད་ཞུས་པ་མ་ཟད། དེའི་ནང་ནས་དམིགས་བསལ་ཁ་མཆུ་ཞུ་གཏུག་གི་བྱ་རིམ་ཁག་དང་། གཞི་རྩའི་ཆ་རྐྱེན། ཁྲིམས་ཁོངས་ཁྱབ་ཚད། ཁ་མཆུ་འགོ་བཙུགས་པ་ནས་བཅད་ཁྲ་མ་བཏང་བར་ གྱི་བྱ་རིམ། སྣ་ཚོགས་ཀྱི་ནང་ནས་ཁ་མཆུ་ཕྱིར་འཐེན་དང་ནང་འགྲིག ཕྱོགས་ལྷུང་བཅས་ཀྱི་སྐོར། གཞན་ཡང་ཟུར་སྣོན་ཡིག་ཆ་ཁག དེ་བཞིན་གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། དེའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༩ འཁོད་པའི་གསལ་བསྒྲགས་ནང་གསལ་རྒྱ་གར་ནང་གཅིག་ལྕོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ ༡༢ ཡོད་པ་དེ་དག་ཕྱིར་བསྡུ་གནང་སྟེ།
འབྲས་ལྗོངས་ལྷོ་ཕྱོགས་ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང་། ལ་དྭགས་ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གཉིས་ཀྱི་ཁྱབ་ཁོངས་ སུ་ཟླ་བསྒྲིལ་གྱིས་ས་ཁོངས་ཁྱབ་ཚད་བསྒྱུར་བཅོས་གནང་བའི་སྐོར་དང་། དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༡ འཁོད་ཟུར་འཛུགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཁག་གི་འཕྲལ་སེལ་ཁ་མཆུ་ཞུ་ གཏུག་བྱ་ཡུལ་ས་གནས་བཀོད་སྒྲིག་གནང་བའི་རྩ་འཛིན་ལམ་སྟོན་བཅས་འགྲེལ་བརྗོད་འཐུས་ཚང་གནང་སྟེ་ཚོགས་བཅར་བ་མི་མང་ཚང་མས་དོ་སྣང་ཧ་ཅང་ཆེན་པོ་གནང་ཡོད་པ་བཅས།།