༢༠༡༣ ཟླ་ ༥ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༣༠ ཉིན་གྱི་ཉིན་གུང་སྐབས་བརྒྱད་པའི་འགོ་ཁྲིད་ཀྱི་ཚོགས་འདུ་དང་། རྒྱ་ནག་མང་གཙོ་ཅན་ཏུ་འགྱུར་རྒྱུ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་རྒྱལ་ཁའི་ངང་ལེགས་པར་གྲུབ་རྗེས། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་འོག་དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་འཕགས་པ་ཚེ་རིང་ལགས་སོགས་ཐེ་ཝན་གྲོས་ཚོགས་མཇལ་འཕྲད་ཁང་དུ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝང་ཅིང་ཕིང་མཆོག་དང་མཇལ་འཕྲད་གནང་ཡོད།
ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་ཀྱིས་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་བོད་ལུགས་འཚམས་འདྲིའི་མཇལ་དར་ཕུལ་ཡོད་པ་དང་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཐོག་མར་སྐུ་མགྲོན་རྣམས་ཐེ་ཝན་གྲོས་ཚོགས་སུ་ཕེབས་པར་དགའ་བསུའི་འཚམས་འདྲི་གནང་ཡོད།
དེ་ཡང་ཁོང་གིས་གསུང་དོན། སྔོན་མ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེ་ཝན་གྲོས་ཚོགས་སུ་ཕེབས་ཏེ་བཀའ་སློབ་དང་ལིན་གའོ་ལུས་རྩལ་ཐང་ཆེན་ནང་བཀའ་ཆོས་ཀྱང་སྩལ་མྱོང་ཡོད་པས། ཐེ་ཝན་དད་ལྡན་ནང་པ་རྣམས་ཀྱིས་ཏཱ་ལའི་བླ་མ་མཆོག་ལ་སངས་རྒྱས་དངོས་ཀྱི་བརྩི་མཐོང་ཞུ་གི་ཡོད། ཨ་རི་སོགས་སུ་གནས་པའི་རྒྱ་མི་རིགས་མང་པོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཆེན་པོ་ཞུ་གི་ཡོད། ང་ཚོས་བཙན་བྱོལ་སྤྱི་ཚོགས་ལ་སེམས་འཁུར་བྱེད་ཀྱི་ཡོད་ལ། འདིར་ཕེབས་པའི་གྲོས་ཚོགས་འཐུས་མི་ལྕམ་ཤའོ་མེའི་ཆིང་ལགས་ཀྱིས་དམིགས་བསལ་བོད་མིར་རྒྱབ་སྐྱོར་གནང་གི་ཡོད་པས། ང་ཚོ་ཕན་ཚུན་དབར་འབྲེལ་ལམ་མང་ཙམ་གནང་རྒྱུ་གལ་ཆེན་པོ་རེད། སོགས་གསུངས་ཡོད།
དེ་རྗེ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། ང་རང་ཐེ་ཝན་ནང་སླེབས་པ་ཐེངས་དང་པོ་ཡིན། སྐུ་ཉིད་ཀྱིས་རྩ་ཆེའི་དུས་ཚོད་བཏོན་ནས་ང་ཚོ་དང་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་རང་བཙན་བྱོལ་ནང་སྐྱེས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན། ད་ཆ་ང་ཚོ་མི་རབས་བརྗེ་བསྒྱུར་གྱི་དུས་ཚོད་ལ་སླེབས་ཡོད། མི་མང་གིས་ཐད་ཀར་འདེམས་བསྐོ་གནང་བའི་སྲིད་ཕྱོགས་ཀྱི་འགོ་ཁྲིད་ཐོན་ཡོད། གོང་དུ་གསུངས་པ་ལྟར། ཐེ་ཝན་ནང་བོད་བརྒྱུད་ནང་བསྟན་ལ་དད་པ་ཡོད་མཁན་མང་པོ་ཡོད་པས། ༸གོང་ས་མཆོག་ཐེ་ཝན་ནང་སླར་ཡང་ཆིབས་སྒྱུར་བསྐྱང་ཐུབ་པ་དང་། གྲོས་ཚོགས་ནང་ཆིབས་སྒྱུར་བསྐྱང་ཐུབ་པ་བྱུང་ན་ཡག་པོ་ཡོད། འོན་ཀྱང་གནས་བབ་ཀྱི་ཆ་ནས་རང་རེས་ཕྱོགས་ཚང་མར་དཀའ་ངལ་སྤྲོད་ཀྱི་མ་རེད། ཕེབས་སྟབས་འགྲིག་ན་སྐུ་ཉིད་རྡ་རམ་ས་ལར་མགྲོན་འབོད་ཞུ་གི་ཡིན། སྐུ་ཉིད་ནས་འདིར་ཆགས་པའི་རང་རེའི་སྐུ་ཚབ་དོན་གཅོད་ལས་ཁུངས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། ལྷག་པར་ཁོང་གིས་ཐེ་ཝན་བོད་སོག་ལས་ཁུངས་ནས་བཙན་བྱོལ་སྤྱི་ཚོགས་ནང་དཀའ་ངལ་སྤྲད་པ་སོགས་ངོ་སྤྲོད་དང་། ལས་ཁུངས་ཟླ་བསྒྲིལ་རྗེས་བོད་པའི་སྤྱི་ཚོགས་ལ་གནོད་སྐྱེལ་མི་ཡོང་བ་སོགས་ཀྱི་འབོད་སྐུལ་ཞུས་ཡོད།
ཚོགས་གཙོ་སྐུ་ཞབས་ཝང་ཅིང་ཕིང་མཆོག་གིས་གསུང་དོན། དེ་སྔོན་ཐེ་ཝན་ནང་ཆུའི་གནོད་འཚེ་བྱུང་སྐབས་༸གོང་ས་མཆོག་ཐེ་ཝན་ནང་ཆིབས་སྒྱུར་བསྐྱངས་ཏེ་གནོད་འཚེ་ཕོགས་ཡུལ་ས་གནས་དང་། གནོད་འཚེ་ཕོགས་པའི་ནང་མི་རྣམས་ལ་ཐུགས་སྨོན་མཛད་སྐབས། མི་ཉུང་ཤས་ཤིག་གིས་ལྡོག་ཕྱོགས་ཀྱི་འགྲེལ་བཤད་འདྲ་མིན་བརྒྱབ་པ་བྱུང་ཡོད། དེ་མིན་རྒྱ་ནག་སྐམ་ས་དང་བོད་མི་དབར་འབྲེལ་ལམ་སྐབས་བོད་མིར་དཀའ་སྡུག་མང་པོ་འཕྲད་ཡོད་ཀྱང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བྱམས་དང་ཤེས་རབ་ཀྱིས་བོད་མིའི་དབུ་ཁྲིད་མཛད་དེ་བོད་མི་ཚོར་གཟིགས་སྐྱོང་གནང་ཐུབ་པ་བྱུང་ཡོད། རྒྱ་ནག་སྐམ་ས་སོགས་ཕྱོགས་མང་པོ་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་། དེ་དག་ལས་རྣམ་པར་རྒྱལ་ཏེ་བོད་བརྒྱུད་ནང་བསྟན་དར་ཁྱབ་རྒྱ་ཆེ་བཏང་གནང་མཛད་ཡོད། ཐེ་ཝན་ནང་བོད་བརྒྱུད་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་མང་པོ་ཕེབས་ཀྱི་ཡོད་པས་དད་ལྡན་སློབ་མ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། དེ་དང་འབྲེལ་བཙན་བྱོལ་སྤྱི་ཚོགས་ནང་ཕན་ཐོགས་གང་ཙམ་ཡོང་གི་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེ་ཝན་ནང་ཆིབས་སྒྱུར་བསྐྱང་ཐུབ་པ་བྱུང་ན། དད་ལྡན་པ་ཚོས་གུས་བརྩི་ཆེན་པོ་ཞུ་རྒྱུ་རེད། ཟླ་ཤས་སྔོན་དེ་སྔའི་སྲིད་འཛིན་གཞོན་པས་ང་རང་ཐུག་འཕྲད་གནང་སྟེ།
༸གོང་ས་མཆོག་ཐེ་ཝན་ནང་གདན་ཞུའི་སྐོར་གསུངས་མྱོང་། ང་ཚོའི་སྲིད་གཞུང་གི་ལངས་ཕྱོགས་ནི་སྲིད་དོན་དང་མ་འབྲེལ་བའི་ཆོས་ཕྱོགས་རྐྱང་པའི་ཐོག་ནས་ཕེབས་ན་དཀའ་ངལ་ཡོད་པ་མ་རེད། གོ་སྐབས་བྱུང་བ་ཡིན་ན་ཐེ་ཝན་ནང་ཆིབས་སྒྱུར་བསྐྱང་རྒྱུར་དགའ་བསུ་ཡོད་ཅེས་དང་། ཁོང་གིས་མུ་མཐུད་གསུང་དོན། དེ་སྔོན་༸གོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར་སྐབས། ལམ་བར་ཐེ་པེ་གནམ་ཐང་བརྒྱུད་རྒྱ་གར་ལ་ཕྱིར་ཕེབས་གནང་འཆར་སྐབས། ང་རང་གནམ་ཐང་ནས་མཇལ་འཕྲད་ཡོང་བའི་རེ་བ་དང་འཆར་གཞི་ཡོད་རུང་། སྟབས་མ་ལེགས་པར་རྗེས་སུ་༸གོང་ས་མཆོག་གིས་དགོངས་པ་ཆེ་བཞེས་ཀྱིས་ཐེ་པེ་མ་བརྒྱུད་པར་ཕེབས་སྟབས། མཇལ་འཕྲད་ཀྱི་གོ་སྐབས་དེ་ཤོར་སོང་ཞེས་སོགས་གསུངས་པར། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་མཆོག་གིས་སྲིད་ཕྱོགས་ཀྱི་མཛད་འགན་ཡོངས་རྫོགས་མི་མང་གིས་འོས་འདེམས་གནང་བའི་སྲིད་སྐྱོང་ལ་རྩིས་སྤྲོད་གཙང་མ་མཛད་ཟིན་པས།
ད་ཆ་ཆོས་ཕྱོགས་ཀྱི་མཛད་འགན་ལས་སྲིད་ཕྱོགས་ཀྱི་མཛད་འགན་གང་ཡང་བཞེས་ཀྱི་མེད། ཐེ་ཝན་དུ་ནང་པ་མང་པོ་ཡོད་པས་དེ་དག་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད། འབྱུང་འགྱུར་ཐེ་ཝན་དང་བཙན་བྱོལ་བོད་མི་འབྲེལ་ལམ་མུ་མཐུད་ཡར་རྒྱས་ཡོང་རྒྱུ་དང་། མུ་མཐུད་རང་རེའི་སྐུ་ཚབ་དོན་གཅོད་ཁང་ལ་རྒྱབ་སྐྱོར་གནང་རོགས་སོགས་ཞུས་པར། ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོས་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་སུ་གསུང་དོན། མ་འོངས་པར་དགོས་གལ་བྱུང་ན་ང་ཚོར་འབྲེལ་བ་མང་ཙམ་གནང་རོགས། ཞེས་གསུངས། དེ་བཞིན་བོད་མིའི་གནས་སྟངས་སྐོར་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་ཀྱིས་གསལ་བཤད་གནང་རྗེས་ཚོགས་ཞུགས་གྲོས་ཚོགས་འཐུས་མི་ལྕམ་ཤའོ་མེའི་ཆིང་ལགས་དང་། ལྕམ་ཡུའི་མེའི་ཉུའུ་ལགས། སྐུ་ཞབས་གྲན་ཨོའོ་བྷོ་ལགས་བཅས་ལ་འཚམས་འདྲིའི་མཇལ་དར་ཕུལ་ནས་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། དེ་རྗེས་ལྕམ་ཤའོ་མེའི་ཆིང་ལགས་ཀྱིས་ཕེབས་རོགས་འོག་ཐེ་ཝན་གྲོས་ཚོགས་སུ་གཟིགས་སྐོར་ཡང་གནང་ཡོད་པ་བཅས། །