༢༠༡༣ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༤ ཉིན་བཞུགས་སྒར་རྡ་སའི་ཉེ་འགྲམ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཆོས་རྭའི་ཚོམས་ཆེན་དུ་ཆོས་རིགས་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བཤད་སྒྲུབ་བསྟན་པ་གོང་སྤེལ་གྱི་ལྷན་ཚོགས་དབུ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་མཁན་པོ་དགེ་བཤེས་རྣམ་པ། ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་དབུས་འབྲེལ་ཡོད་ལས་བྱེད་དང་གསར་འགོད་བཅས་ཁྱོན་མི་གྲངས་ ༧༠ བརྒལ་བ་ལྷན་འཛོམས་ཐོག་དམིགས་བསལ་སྐུ་མགྲོན་མཆོག་དང་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་རྟེན་འབྲེལ་གྱི་མར་མེ་ཞལ་འབྱེད་གནང་གནང་མཚམས་བོད་ནང་གནས་སྟངས་ཛ་དྲག་དབང་གིས་བོད་ནང་གི་རྒྱལ་གཅེས་པ་སྤྱི་དང་ད་བར་རང་ལུས་མེར་སྲེག་བཏང་མཁན་རྣམས་ལ་རྗེས་དྲན་མྱ་ངན་གུས་བཏུད་སྐར་མ་གཅིག་ཞུས་རྗེས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་། དེ་ནས་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་ལྔ་ནས་ཤིས་བརྗོད་གསུང་འདོན་རྗེས་རྟེན་འབྱུང་གི་གསོལ་ཇ་འབྲས་བསིལ་འདེགས་ཕུལ་གྲུབ་བསྟུན་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་ཡོད། དེ་རྗེས་དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གི་དཀྱེལ་ཆེ་བའི་དགོངས་གཞི་དང་འབྲེལ་བའི་བཤད་སྒྲུབ་ཡ་མ་བྲལ་བར་མཐའ་འཁྱོལ་བ་དགོས་རྒྱུ་དང་།
དེ་བཞིན་ཚད་མ་རིག་པ་དེ་ཆོས་ལ་དད་པ་ཡོད་མེད་ལ་མ་ལྟོས་པའི་སྤྱི་ཚོགས་ཀྱི་བཟང་ངན་རྣམ་པར་འབྱེད་པའི་རིག་པར་སོང་འཇང་དགུན་ཆོས་ཀྱི་མཚོན་པའི་རིས་མེད་སྨོན་ལམ་ཆེན་མོ་ཚུགས་རྒྱུ་གལ་ཆེ་ཡིན་པ་དང་། རིགས་གཅིག་རྐང་འཛིན་ཞེས་པ་དེ་བོད་ཀྱི་སྲོལ་རྒྱུན་ནང་བྱུང་ཟིན་པ་ཞིག་དང་གཞུང་ཆེན་ཡོངས་སུ་རྗོགས་པ་སློབ་གཉེར་ཟིན་རྗེས་གཞུང་ལུགས་གཅིག་ཐོག་རིགས་གཅིག་རྐང་འཛིན་གནང་རྗེས་ཉམས་ཞིབ་རྩོམ་ཡིག་བཏོན་ཐུབ་ན་ཕན་ཐོགས་ཆེ་ལ་དགེ་མཚན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་གྲོལ།
ད་ཐེངས་ལྷན་ཚོགས་ཉིན་བཞིའི་རིང་གྲོས་གཞི་གཙོ་བོ་བཤད་སྒྲུབ་བསྟན་པ་མི་ཉམས་གོང་འཕེལ་དང་། གཞུང་ཆེན་རེ་རེའི་ཐོག་རིགས་གཅིག་རྐང་འཛིན་ཐོན་ཐབས། རིས་མེད་རྩོད་གྲྭ་དང་སྨོན་ལམ་ཆེན་མོ་ཚུགས་ཕྱོགས། མི་མང་དང་ན་གཞོན་སློབ་ཕྲུག་ལ་ཚད་མ་དང་ནང་ཆོས་སློབ་ཁྲིད། སྤྱི་ཚོགས་ནང་འདུལ་འཛིན་སྤྱི་ལ་མཚན་སྨད་ཡོང་གཞིར་གདོང་ལེན་གནང་ཕྱོགས་བཅས་གཙོ་བོར་དོན་གནད་ཁག་ཐོག་བཀའ་བསྡུར་གནང་རྒྱུ་རེད་འདུག