༢༠༡༣ ཟླ་ ༥ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ ཉིན་བཞུགས་སྒར་རྡ་སའི་ཉེ་འགྲམ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཆོས་རྭའི་ཚོམས་ཆེན་དུ་ཆོས་རིགས་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བཤད་སྒྲུབ་བསྟན་པ་གོང་སྤེལ་གྱི་ལྷན་ཚོགས་མཇུག་བསྡོམས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་སྐུ་ཚབ་མཁན་པོ་དགེ་བཤེས་རྣམ་པ་ལྷན་འཛོམས་ཐོག་ཆོས་རིག་དྲུང་གཞོན་ཐུབ་བསྟན་ལགས་ཀྱིས་གྲོས་ཆོད་ཁག་སྙན་སྒྲོན་རྗེས་དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྷན་ཚོགས་ཉིན་བཞིའི་རིང་བསྐྱངས་པའི་གྲོས་ཆོད་ཁག་ཕྱག་ལེན་ཞུ་ཕྱོགས་ཐོག་གསུང་བཤད་གནང་རྗེས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་མཛུག་བསྡོམས་གསུང་བཤད་གནང་དོན།
ཆོས་བརྒྱུད་ཁག་གི་མཁས་དབང་རྣམ་པ་ལྷན་འཛོམས་ཐོག་བགྲོ་གླེང་གནང་སྐབས་ཚོར་བ་གསར་པ་ཞིག་བྱུང་ལ་ཞེ་དྲག་གི་གཟི་བརྗིད་ཆེན་པོ་དང་འགྲུབ་འབྲས་གང་ཙམ་ཐོན་པར་ངོས་འཛིན་ཞུ་གི་ཡོད། འདིར་གསོལ་འདེབས་ཞུ་རྒྱུ་ཞིག་ལ་ཇོ་ནང་སྐོར་དེ་ང་ཚོ་ཆོས་རིག་ལས་ཁུངས་ནས་ཐག་གཅོད་རྒྱུ་དང་གསར་པ་གཏན་འབེབས་བྱེད་རྒྱུ་གང་ཡང་མེད། ང་ཚོས་གཞི་བཅོལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པའི་ལྷན་ཚོགས་སྐབས་ཀྱི་ཐག་གཅོད་གང་བྱུང་བ་དེར་ང་ཚོས་ལག་ལེན་ཐོག་འགྲོ་དགོས་པ་ལས་གཞན་འགྲོ་རྒྱུ་མི་འདུག ཞེས་སོགས་ཀྱི་གསུང་བཤད་རྗེས་སྐུ་མགྲོན་གཙོ་བོ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བླང་དོར་གསུང་བཤད་གནང་དོན།
ང་རང་ཚོགས་འདུར་བཅར་རྒྱུ་མ་བྱུང་ཡང་ཚོགས་འདུའི་ནང་བགྲོ་གླེང་གང་འདྲ་བྱུང་ཡོད་དམ་སྐད་ཆ་འདྲི་སྐབས་སོ་སོའི་བསམ་བློའི་ནང་དྲན་པ་དེ་གཡོ་ཟོལ་མེད་པའི་ཐོག་ནས་བགྲོ་གླེང་ལྷུག་པོ་གནང་ཐུབ་པ་ཡག་པོ་བྱུང་འདུག་བསམ་པ་དྲན་བྱུང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་དང་ང་རང་ཚོའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་པའི་བདག་པོ་ཚོའི་ཐུགས་བཞེད་དང་གཞིས་ལུས་བོད་རྒྱ་ཆེའི་མི་མང་གི་ཐུགས་འདུན། གང་ལྟར་ང་ཚོ་ཚང་མས་ཆོས་ལུགས་ཆོལ་ཁ་དབྱེ་བ་མེད་པར་དམ་ཚིགས་རྡོག་རྩ་གཅིག་སྒྲིལ་དགོས་པ་ཚང་མས་མཁྱེན་གསལ་དང་། འོན་ཀྱང་སྐད་ཆ་དྲང་པོ་བཤད་ན་ང་སྔོན་མ་བོད་ལ་ཡོད་སྐབས་རྒྱ་གར་གནས་ཚུལ་དེ་ཅུང་མ་གཏོགས་གོ་ཐོས་ཡོང་གི་མེད། རྡ་རམ་སཱ་ལ་བརྗོད་དུས་ཐང་ཆེན་པོ་ཞིག་ཏུ་རྒྱ་ཆེན་པོ་ཞིག་ཡོད་ཀྱི་རེད་བསམ་པ་དྲན་གྱི་ཡོད།
མ་གཞི་གློག་འཕྲིན་དེ་ཚོའི་ནང་མང་ཆེ་བ་ཡག་པ་ཤ་སྟག་ཤོད་ཀྱི་རེད། སང་གནངས་ཞིག་༸གོང་ས་མཆོག་བོད་ལ་ཕེབས་ཐུབ་མི་ཡོང་ངམ་སྙམ་པའི་ཚོར་སྣང་ཞིག་ཡོང་གི་ཡོད། རྒྱ་གར་ལ་སླེབས་ཏེ་ལོ་བཅུ་གསུམ་ཙམ་ཕྱིན་པར་བརྟེན་ཉམས་མྱོང་གང་ཙམ་བྱུང་ཡོད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཤད་ན་མང་པོ་ཤོད་རྒྱུ་ཡོད། ཅེས་སོགས་ཀྱི་གསུང་བཤད་རྗེས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་གྲོལ་ཡོད་པ་བཅས།།