༢༠༡༣ ཟླ་ ༥ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བཞི་སྟེ། གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེན་ཕེ་རན་སི་ཝ་ཧམ་བྷ་ཊི་ (Mr.Jean-Francois Humbert) མཆོག་དང་སྐུ་ཞབས་མེ་ཁལ་བྷེར་སོན་(Mr.Michel Berson) མཆོག སྐུ་ཞབས་བྷར་ན་ཊི་ཕོར་ནི་ཡར་ (Mr.Bernard Fournier) མཆོག སྐུ་ཞབས་ཨེན་ཌི་རི་གྷ་ཊོ་ལིན་ (Mr.Andre Gattolin) མཆོག་བཅས་རྡ་སར་ཕེབས་ཡོད། སྐུ་ཚབ་འཐུས་མི་རྣམས་ཕྱི་ཚེས་ ༩ ཉིན་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ཏེ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་ཡོད་པ་མ་ཟད། ནོར་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དུ་འཚམས་གཟིགས་དང་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་ལྕམ་སྐུ་རིན་ཆེན་མཁའ་འགྲོ་ལགས་དང་ཐུག་འཕྲད། དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་དང་དབུས་སྣེ་ལེན་ཁང་དུ་གཟིགས་སྐོར་གྱིས་འགན་འཛིན་དང་ཐུག་འཕྲད་གནང་རྗེས། ཕྱེད་ཡོལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་དང་གསོལ་ཚིགས་ལྷན་བཞེས་གནང་ཡོད།
ཕྱི་ཚེས་ ༡༠ ཉིན་སྐུ་ཚབ་འཐུས་མི་རྣམས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་ཐུག་འཕྲད་གནང་བ་མ་ཟད། དབུས་སྨན་རྩིས་ཁང་ལ་གཟིགས་སྐོར་གནང་རྗེས། ཕྱི་དྲིལ་ལས་ཁུངས་སུ་ཕེབས་ཏེ་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དང་མཇལ་འཕྲད་གནང་གྲུབ་མཚམས་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དབུ་བཞུགས་ཐོག་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེན་ཕེ་རན་སི་ཝ་ཧམ་བྷ་ཊི་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས་གསུང་དོན། ཐེངས་འདིར་ང་ཚོ་རྡ་སར་བཅར་དགོས་པའི་རྒྱུ་མཚན་ནི། བོད་ནང་ད་ལྟའི་ཆར་གནས་སྟངས་ཧ་ཅང་ཛ་དྲག་ཆགས་པའི་སྐབས་འདིར་ཕ་རན་སི་གྲོ༞ས་ཚོགས་གོང་མས་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ང་ཚོ་འདིར་ཡོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ང་ཚོས་རྡ་སར་ལྟ་སྐོར་ཡོང་བ་བརྒྱུད་ནས་ང་ཚོ་ཕ་རན་སིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གྱི་གོམ་པ་མདུན་སྤོས་ཇི་ལྟར་རྒྱག་ཐུབ་མིན་ཐོག་བསམ་བློ་གཏོང་རྒྱུར་ཧ་ཅང་ཕན་ཐོགས་ཡོང་རྒྱུའི་རེ་བ་ཡོད།
དེར་བརྟེན་ད་ཐེངས་ལྟ་སྐོར་འདི་ནི་ང་ཚོས་ཕ་རན་སིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཆེད་ད་བར་ལས་ཀ་གང་བྱས་པ་དེར་ཁ་སྣོན་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད། དེ་སྔ་ང་ཚོས་གྲོས་ཚོགས་གོང་མའི་ནང་བོད་དོན་སྐོར་གྱི་ལྷན་ཚོགས་མང་དག་ཅིག་ཚོགས་ཡོད་པ་མ་ཟད། བོད་ཀྱི་བྱུང་རབས་ལོ་རྒྱུས་ཐོག་ལྷན་ཚོགས་ཤིག་ཚོགས་ཡོད། ཕྱོགས་མཚུངས་འབྱུང་འགྱུར་ང་ཚོས་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་ཚོའི་རྒྱབ་སྐྱོར་འོག་བོད་ཀྱི་རིག་གཞུང་ཐོག་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་རྒྱུའི་འཆར་གཞི་ཡོད། ང་ཚོས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དེ་སྔ་གྲོས་ཚོགས་གོང་མར་གདན་ཞུ་ཐུབ་པ་མ་ཟད། ཉེ་ལམ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་མགྲོན་འབོད་ཞུ་ཐུབ་པར་ཧ་ཅང་སྐལ་བ་བཟང་པོ་བྱུང། ཆབ་སྲིད་ཐོག་ལ་ཞུས་ན། དེང་སྐབས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་སྐབས་རྒྱལ་སྤྱིའི་ཐོག་དོ་སྣང་ཧ་ཅང་བྱེད་བཞིན་ཡོད། འོན་ཀྱང་བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་ནས་ལས་འགུལ་སྤེལ་བ་དེར་རྒྱལ་སྤྱིས་རྒྱབ་སྐྱོར་དང་དོ་སྣང་གནང་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན། བོད་ནང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་བདུན་བྱུང་རྗེས་བོད་མི་གཞོན་སྐྱེས་ཤིག་གིས་བོད་པ་ཚོ་འགྲོ་མི་ཞིག་མ་རེད་དམ། ཞེས་སྨྲེ་ངག་བཏོན་ནས་དྲི་བ་བཏང་བ་དེ་དེ་རིང་འདིར་ང་ཚོས་སོ་སོ་རང་ཉིད་ལ་དྲི་བ་དེ་གཏང་ན་འོས་འཚམ་ལྡན་པ་ཞིག་མཐོང་གི་འདུག ཅེས་གསུངས་ཡོད།
ཕྱོགས་མཚུངས་སྐབས་དེར་གྲོས་ཚོགས་གོང་མའི་ནང་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་(Socialist) འཐུས་མི་སྐུ་ཞབས་མེ་ཁལ་བྷེར་སོན་(Mr.Michel Berson) མཆོག་གིས་སྐབས་དེར་གསུང་དོན། ཕྱི་ལོ་ ༢༠༠༨ ལོ་ནས་བོད་ནང་བོད་མི་ཚོས་ཧ་ཅང་དཀའ་སྡུག་ཆེན་པོ་མྱངས་པ་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མི་ཚོའི་དཀའ་ངལ་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། རྒྱལ་སྤྱིའི་དོ་སྣང་མ་བྱས་པ་དེར་བོད་མི་ཚོའི་སེམས་ནང་བློ་ཕམ་ཇི་འདྲ་ཡོད་པ་ང་ཚོས་བསམ་ཤེས་ཐུབ་ཀྱི་འདུག བློ་ཕམ་བྱེད་པ་དེར་རྒྱུ་མཚན་ཡོད། གང་ཡིན་བརྗོད་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཀྱི་ནང་གསལ་བའི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་ཐོབ་ཐང་དེ་དག་ལ་སྲུང་བརྩི་མ་ཞུས་པ་དེས་ཡིན། ང་ཚོ་ཕ་རན་སིའི་གྲོས་ཚོགས་འཐུས་མི་རྣམས་ལ་བསམ་ཚུལ་མི་མཐུན་པ་འདྲ་མིན་ཡོད་ཀྱང། བོད་ནང་ད་ལྟའི་ཆར་གནས་སྟངས་འབྱུང་བཞིན་པ་དང་བོད་མི་ཚོས་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་དེ་དག་ནི་རྒྱ་ནག་གཞུང་གིས་བོད་མིའི་རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་ཤིག་ཡིན་པར་ངོས་འཛིན་བྱ་རྒྱུ་ཡིན། ངས་སྐད་ཆ་འདི་ཕ་རན་སི་ནང་དུ་ཡོད་སྐབས་བརྗོད་མྱོང་བ་མ་ཟད། དེ་རིང་འདིར་སླར་ཡང་ཞུ་རྒྱུ་ཡིན། རྒྱལ་ཁབ་གཞན་དང་བསྡུར་བ་ཡིན་ན། བོད་དེ་བཞིན་རྒྱལ་ཁབ་ཆུང་ངུ་ཞིག་ཡིན་ནའང། བོད་མི་རྣམས་མི་རིགས་ཕུལ་བྱུང་ཞིག་ཡིན་པར་ངས་ངོས་འཛིན་ཞུ་བཞིན་ཡོད། ཞེས་གསུངས།
ཐེངས་འདིར་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ནས་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེན་ཕེ་རན་སི་ཝ་ཧམ་བྷ་ཊི་ (Mr.Jean-Francois Humbert) མཆོག་དང་། སྐུ་ཞབས་བྷར་ན་ཊི་ཕོར་ནི་ཡར་ (Mr.Bernard Fournier) མཆོག་ནི་ཕ་རན་སིའི་མི་མང་ལས་འགུལ་མཐུན་ཚོགས་ (Union for a Popular Movement) ཞེས་པའི་ཆབ་སྲིད་ཚོགས་པ་ནས་ཡིན་པ་དང་། སྐུ་ཞབས་མེ་ཁལ་བྷེར་སོན་(Mr.Michel Berson) མཆོག་ནི་ལྗང་ཁུ་ཚོགས་པའི་ཚོགས་མི་ཡིན་འདུག་པ་བཅས།།