༢༠༡༣ ཟླ་ ༥ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༣ ནས་ ༢༢ བར་རྒྱ་གར་བྱང་ཕྱོགས་དང་བྱང་ཤར་ཁུལ་བོད་མི་གནས་སྡོད་ས་ཁུལ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད། དེ་ཡང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ཚེས་ ༡༤ ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་རྡུན་དུ་ཕེབས་ཏེ་ཨུཏྟར་ཁནྜ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སུ་བྷ་ཤི་ཀུ་མར་ Mr Subash Kumar མཆོག་དང་མཇལ་འཕྲད་ཀྱིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་ས་ཞིང་བོགས་མ་དུས་རྒྱང་གང་མགྱོགས་གནང་རྒྱུའི་འབོད་སྐུལ་ཡང་ཞུས་ཡོད།
ཕྱོགས་མཚུངས་ཕྱི་ཚེས་ ༡༧ ཉིན་ནང་སྲིད་བཀའ་བློན་མཆོག་གིས་བསྟན་འཛིན་སྒང་རྒན་གསོ་ཁང་དང་གཏན་སློབ་བཅས་སུ་ཕེབས་ཏེ་ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་ཡོད། དེ་བཞིན་ཕྱི་ཚེས་ ༡༨ ཉིན་ནང་སྲིད་བཀའ་མཆོག་འབུམ་ལ་བསྟན་སྒང་དང་། རུ་པ། རྟ་དབང། རྡི་རང་བཅས་ཁ་ཐོར་བོད་མིའི་གཞིས་ཆགས་སུ་ཕེབས་ཡོད། ཕྱི་ཚེས་ ༡༩ ཉིན་བཀའ་བློན་མཆོག་ཨ་སམ་ Assam མངའ་སྡེའི་ཏིན་སུ་ཀིའི་ Tinkusia ནང་ཕེབས་ཏེ་ཁེ་ཎ་ཌར་བོད་མི་སྐྱབས་བཅོལ་ ༡༠༠༠ འགྲོ་རྒྱུའི་ཁོངས་ནས་ཚོགས་ཁག་དང་པོ་འགྲོ་མི་རྣམས་དང་ཐུག་འཕྲད་ཀྱིས་ལམ་སྟོན་ལྷན་ཚོགས་ཤིག་ཚོགས་པ་མ་ཟད། ཕྱི་ཚེས་ ༢༡ ཉིན་མིའོ་དང་ཏེ་ཛུ། བསྟན་འཛིན་སྒང། ཊུ་ཊིང་བཅས་ནས་བོད་མི་གྲངས་ ༢༠༤ ཁེ་ཎ་ཌར་སྐྱབས་བཅོལ་དུ་འགྲོ་མཁན་རྣམས་དང་ཐུག་འཕྲད་ཀྱིས་ལྷན་ཚོགས་ཤིག་ཚོགས་ཡོད།
ནང་སྲིད་བཀའ་བློན་མཆོག་གིས་སྐབས་དེར་ཁེ་ཎ་ཌ་ཕྱི་མི་གནས་སྤོ་ལས་ཁུངས་ཀྱི་བློན་ཆེན་སྐུ་ཞབས་སི་ཌི་ནི་ཕེ་རེངྐ་ Mr. Sidney Frank མཆོག་དང་མཇལ་འཕྲད་གནང་ཡོད། སྐུ་ཞབས་སི་ཌི་ནི་ཕེ་རེངྐ་མཆོག་ནི་རྒྱ་བལ་འབྲུག་གསུམ་གྱི་ཕྱི་མི་གནས་སྤོའི་ལས་དོན་ཐོག་འགན་ཁུར་བཞེས་མཁན་ཡིན་འདུག ཁོང་དང་ཁོང་གི་ལས་རོགས་རྣམས་ཐེངས་འདིར་ཨ་སམ་ཏིང་སུ་ཀིའི་ Tinsukia ནང་ཁེ་ཎ་ཌར་གནས་སྤོ་བྱེད་མཁན་བོད་མ་མི་གྲངས་ ༢༠༤ ཡོད་པ་རྣམས་ཀྱི་འཕྲོད་བསྟེན་དང་དེ་བཞིན་དྲི་བ་དྲིས་ལན་ཆེད་ཕེབས་ཡོད། དྲི་བ་དྲིས་ལན་དེ་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༢ ནས་ཕྱི་ཚེས་ ༢༤ བར་གནང་ཡོད། ནང་སྲིད་བཀའ་བློན་མཆོག་ཀྱང་མཉམ་དུ་ཡོད་སྟབས་རྒྱ་གར་ས་གནས་སྐུ་ཚབ་བརྒྱུད་རྒྱ་ག་གཞུང་མང་གཉིས་ཀྱིས་ད་བར་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། འབྲེལ་ཡོད་ཁེ་ཎ་ཌའི་བློན་ཆེན་མཆོག་བརྒྱུད་ཁེ་ཎ་ཌ་གཞུང་དང་མི་མང་རྣམས་ལའང་ཐུགས་རྗེ་ཆེ་ཞུས་ཡོད།