༢༠༡༣ ཟླ་ ༥ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །འདི་གར་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོར་གནས་སྡོད་ཌལ་ཧོར་སློབ་ཟུར་དང་། སྤྱི་འཐུས་ཚོགས་དྲུང་ཟུར་པ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། གསར་འགྱུར་བརྒྱུད་ལམ་ཁག་ནང་བསིལ་ལྡན་ཌལ་ཧོར་གཏན་སློབ་ཆེན་མོ་ཕྱི་ལོ་ ༡༩༦༣ ལོར་དབུ་བརྙེས་ཏེ་འདི་མི་ལོ་ལྔ་བཅུ་ཧྲིལ་པོར་འཁོར་བའི་དུས་དྲན་སྲུང་བརྩིའི་རྟེན་འབྱུང་དགའ་སྟོན་མཛད་སྒོར་གཞིས་བྱེས་བོད་མིའི་བླ་ན་མ་མཆིས་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་བཀའ་དྲིན་བསྐྱངས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། དེ་སྔའིིི་སློབ་སྤྱི་ཟུར་པ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག སློབ་ཟུར་རྒན་གཞོན་དྲུག་བརྒྱ་ཙམ། ད་ཡོད་དགེ་ལས་སློབ་ཕྲུག ས་ཁུལ་བོད་རིགས་མང་ཚོགས་སོགས་མི་གྲངས་ཆིག་སྟོང་ལྷག་ཙམ་མཉམ་ཞུགས་ཀྱིས་མཛད་རིམ་རྣམས་ངོ་མཚར་ཆེ་ཞིང་། གྲ་སྒྲིག་ཕུན་སུམ་ཚོགས་པ་བྱུང་སྐོར་ཞིབ་གནས་བཀོད་འགྲེམས་གནང་འདུག་པ་མ་ཟད།
ཕྱི་ཚེས་ ༢༨།༢༩ ཉིན་སོ་སོའི་མཛད་རིམ་ཁག་དྲ་བརྙན་ལམ་ནས་ཐད་ཀརརྒྱང་སྲིང་གནང་བ་ཞིབ་མཇལ་བྱུང་བས་སློབ་གྲྭའི་ཁོར་ཡུག་དང་། རང་མཉམ་སློབ་ཟུར་བ་རྒན་གྲས་རྣམས་རུ་བསྟར་གོམ་བགྲོད་གཟི་བརྗིད་ལྡན་པ་མཐོང་སྐབས་ལར་ཞེན་གྱི་དགའ་སྤོབས་བསྐྱེད་ཅིང་། དེ་སྔ་སློབ་གྲྭའི་དུས་སྐབས་བཟང་པོའི་ཚོར་བ་རྣམས་བློ་ཡུལ་དུ་བསྐྱར་དྲན་ཞིག་བྱུང་བ་དང་། རང་ཉིད་ས་ཐག་རྒྱང་རྐྱེན་སོགས་ཀྱིས་ད་ལམ་གྱི་དུས་དྲན་སྲུང་བརྩིར་མཉམ་ཞུགས་མ་ཐུབ་པའི་བློ་ཕམ་སོགས་དགའ་སྐྱོ་ཟུང་འབྲེལ་གྱི་གནས་སུ་ལྷུང་། དེ་ལྟ་ནའང་མཛད་སྟོན་ཁག་ཐོག་མཐའ་བར་གསུམ་དུ་གྲ་སྒྲིག་ལེགས་པོ་བྱུང་བར་འབྲེལ་ཡོད་ཚང་མར་བཀྲིས་བདེ་ལེགས་དང་། ཐུགས་རྗེ་ཆེ་ཞེས་ལན་བརྒྱར་ཞུ་རྒྱུ་ཡིན།
རང་ཉིད་ལ་མཚོན་ནའང་སློབ་གྲྭ་དེ་ནས་ཕྱི་ལོ་ ༡༩༧༢ ཕྱི་ཟླ་བཅུ་གཉིས་ནང་སློབ་ཕྲུག་ཐོན་ཐེངས་གཉིས་པའི་ཁོངས་སུ་འཛིན་རིམ་བཅུ་གཅིག་གི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་ཐོན་ཞིང་། ཕྱི་ལོ་ ༡༩༧༣ ཕྱི་ཟླ་དགུ་པའི་ནང་བོད་གཞུང་དགའ་ལྡན་ཕོ་བྲང་པའི་གཞུང་ཞབས་སྲི་ཞུའི་ཁོངས་རང་མོས་དགའ་འདེམས་འཛུལ་ཞུགས་ཀྱིས་ཤེས་རིག་ལས་ཁུངས་སུ་སྔ་རྗེས་གཉིས་ལ་བསྡོམས་ལོ་གྲངས་ ༡༦ ལས་ཡུན་རིང་ཐོག་མར་གཞོན་དྲུང་ནས་ལས་འགན་ཐེག་པ་རིམ་འཛེགས་ཀྱིས་ཟུང་འབྲེལ་དྲུང་ཆེ་བར་དང་། ལས་ཡུན་ལོ་བདུན་ཙམ་རིང་ལས་བྱེད་བདག་གཉེར་ཁང་གི་དྲུང་གཞོན་དང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཟུང་དྲུང་། དེ་རྗེས་ཨ་རིར་ལོ་གཅིག་གི་ལས་དོན་སློབ་སྦྱོང་ཐོན་འཕྲལ་ཕྱི་ལོ་ ༡༩༩༦ ཟླ་གསུམ་པ་ནས་བཟུང་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེའམ། སྤྱི་འཐུས་ཚོགས་དྲུང་ལ་གནས་སྤོ་བཀོད་སྒྲིག་གནང་དོན་ལྟར་ཕྱི་ལོ་ ༢༠༠༨ ཟླ་བ་དྲུག་པའི་ནང་རྒས་ཡོལ་སྔ་བསྣུར་མ་ཞུས་བར་ལོ་གྲངས་བཅུ་གཉིས་ལྷག་ཙམ་འགན་ཁུར་ཞུས་པ་བཅས་མི་ལོ་སོ་ལྔ་ཙམ་རིང་ཞབས་ཞུའི་བསྐལ་བཟང་གོ་སྐབས་བླ་མེད་ཐོབ་སྟེ་གཞུང་ཞབས་སུ་བཟང་མཐའ་འཁྱོལ་བར་དགའ་སྤོབས་ཅི་ཆེ་ཡོད་ལགས་ཤིང་།
འདི་དག་ནི་རང་ཉིད་ཀྱི་བྱས་རྗེས་གཅིག་པུ་མིན་པར་སློབ་གྲྭ་འདིར་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་སྟེ་ཤེས་ཡོན་གྱི་གཞི་རྩ་མི་དམན་ཙམ་ཚུགས་ཐོག སློབ་སྤྱི་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་། སློབ་དགེ་ཡོངས་ཀྱིས་དུས་རྟག་ཏུ་ལམ་སྟོན་གནང་དོན་ལྟར་བོད་གཞུང་མང་གི་བགོ་སྐལ་ཞབས་འདེགས་ཞུ་དགོས་ཞེས་གསུངས་པའི་བག་ཆགས་བཟང་པོའི་ནུས་མཐུ་དང། ཁྱད་པར་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཐུགས་རྗེ་སྒྲིབ་བསིལ་ཞོ་ཤས་འཚོ་བ་བཅས་ལས་བྱུང་བར་བརྟེན་ད་རེས་གོ་སྐབས་འདི་བརྒྱུད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་འབྲེལ་ཡོད་ཚང་མར་ཐུགས་རྗེ་བཀྲིན་རྗེས་དྲན་ཞུ་རྒྱུ་ལགས་པ་བཅས།།