༢༠༡༣ ཟླ་ ༥ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༣༠ ཉིན་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་ཕྱི་ལོ་ ༢༠༡༣ ལོའི་འཛམ་གླིང་ནང་གི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་ནང་རྒྱ་ནག་དེ་བཞིན་དམིགས་བསལ་བློ་འཚབ་བསྐྱེད་གཞིའི་རྒྱལ་ཁབ་ཀྱི་ཐོ་གཞུང་ནང་བཀོད་འདུག
སྙན་ཐོ་དེའི་ནང་རྩ་བའི་འཛམ་གླིང་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཡོད་སའི་རྒྱལ་ཁབ་མང་པོ་ཞིག་གི་གནས་སྟངས་འགྲེལ་བརྗོད་གནང་ཡོད་ཅིང༌།
ལྷག་པར་རྒྱ་ནག་གཞུང་གི་དམ་བསྒྲགས་འོག་བོད་ཀྱི་ནང་ཆོས་དང་ཡུ་གུར་ཁ་ཆེའི་ཆོས་ལུགས་ཀྱི་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་གསལ་སྟོན་གནང་འདུག ལྷག་པར་སྙན་ཐོ་དེའི་ནང༌། བོད་སྐོར་གྱི་གནས་ཚུལ་འོག་འདས་པའི་ཕྱི་ལོ་ ༢༠༠༨ ནས་ ༢༠༠༩ དུས་ཡུན་རིང་ལ་བོད་དང་ཤིན་ཅང་ནང་བོད་མི་དང་ཤིན་ཅང་ཁ་ཆེའི་མི་རིགས་ཀྱིས་རྒྱ་ནག་གཞུང་གི་བཙན་དབང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས། རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་སྐོར་བཀོད་ཡོད་པ་མ་ཟད། སྙན་ཐོ་དེའི་ནང་ ༢༠༡༡ ཟླ་ ༥ ནས་སྙན་ཐོ་དེ་ཕྱོགས་བསྡོམས་མ་གནང་བར་བོད་ནང་བོད་མི་གྲངས་ ༡༡༢ ནས་རང་ལུས་མེར་སྲེག་བཏང་ཡོད་ཁོངས་ནས་ ༨༨ འདས་གྲོངས་སུ་ཕྱིན་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་བོད་ནང་བོད་མི་རང་ལུས་མེར་སྲེག་གཏོང་གནང་མཁན་གྱི་གྲངས་འབོར་མང་ཤོས་དེ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཕྱོགས་མཚུངས་རྒྱ་ནག་གིས་བོད་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པའི་གནས་ཚུལ་གསལ་སྟོན་གནང་བ་དང་ཆབས་ཅིག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གིས་ཨ་མི་རི་ཀའི་གཞུང་གི་སྲིད་བྱུས་ལ་འགྱུར་བ་གཏོང་གནང་རྒྱུའི་སློབ་སྟོན་དགོངས་འཆར་ཁག་གཅིག་བཏོན་ཡོད་པའི་ནང༌། ཨ་རིའི་ཕྱི་འབྲེལ་དཔོན་རིགས་རྒྱ་ནག་ནང་གཟིགས་སྐོར་ལ་ཕེབས་སྐབས།
༡༽ རྒྱ་ནག་གི་དཔོན་རིགས་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བཀའ་མོལ་གནང་དགོས་རྒྱུ་དང༌།
༢༽ བཙོན་པའི་ཐོ་གཞུང་གྲ་སྒྲིག་གནང་དགོས་རྒྱུ།
༣༽ འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་མིའི་དཔོན་རིགས་ཐོག་དངུལ་གྱི་ཉེས་ཆད་དང༌།
༤༽ ཁོང་ཚོའི་འགྲུལ་བཞུད་ཐོག་ཨ་རིས་དམ་བསྒྲགས་གནང་དགོས་རྒྱུ། ༥༽ བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་གསར་འཛུགས་གནང་རྒྱུ་སོགས་བཀོད་འདུག་པ་བཅས།།