༢༠༡༣ ཟླ་ ༥ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །འདི་གར་སྦིར་ནང་ཆེན་ཅོན་ཏ་ར་བོད་མིའི་གཞིས་ཆགས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་སྲུང་རྩི་ཞུ་རྒྱུར་དཔལ་ལྡན་བཀའ་དྲུང་ཡིག་ཚང་དང་ནང་སྲིད་ལས་ཁུངས་གཉིས་ནས་གསལ་བསྒྲགས་གནང་འབྱོར་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༠༥ ཚེས་ ༡༧ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ ནས་ཕྱི་དྲོ་ཆུ་ཚོད་ ༥།༠༠ བར་ཅོན་ཏ་རར་གནས་སྡོད་སྡེ་དགེ་དང་ནང་ཆེན་མང་ཚོགས་དང་དགེ་འདུན་པ་དང་སློབ་ཕྲུག་བཅས་མི་གྲངས་ ༥༠༠ ཙམ་སྨྱུང་གནས་ལྷ་ཁང་དུ་ལྷན་ཚོགས་ཀྱིས་སྨོན་ལམ་མཆོད་འབུལ་མཛད་སྒོར་དོན་གྲུབ་གླིང་གཞིས་སྒར་སྨིན་གྲོལ་གླིང་དགོན་གྱི་དགེ་འདུན་པ་རྣམས་དང༌། ཅོན་ཏ་ར་ཁུལ་སམ་བྷོ་ཊ་དགེ་ལས་སློབ་ཕྲུག་རྣམ་པ། སྡེ་དགེ་དང་ནང་ཆེན་གཉིས་ཀྱི་མི་མང༌། དོན་ལྡན་དང་། སྨན་རྩིས་ཁང་གི་རྒན་གསོ་ཁང༌བཅས་ལྷན་འཛོམས་ཀྱིས་གདུང་སེམས་མཉམ་སྐྱེའི་ཉི་མོ་སྲུང་བརྩི་ཞུས་ཡོད།
སྦིར་ཁུལ་དཔལ་རྙིང་དགོན་དཔལ་ཡུལ་ཆོས་འཁོར་གླིང་དགེ་འདུན་པ་དང༌། སྡེ་ནང་གཉིས་མི་མང་བཅས་མི་གྲངས་ ༡༢༠ ལྷག་ཙམ་སྦིར་མ་ནི་དུང་སྒྲུབ་ཚོགས་ཁང་དུ་ལྷན་འཛོམས་གནང་ནས་དང་ཐོག་ས་གནས་འགོ་འཛིན་གྱིས་མང་ཚོགས་ལ་ཉིན་དེའི་གདུང་སེམས་མཉམ་སྐྱེའི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་སྐོར་ངོ་སྤྲོད་གསལ་བཤད་དང་མཆོད་འབུལ་སྨོན་ལམ་གྲ་སྒྲིག་གནང་ཐུབ་པ་བྱུང་ཡོད། མཆོད་འབུལ་སྨོན་ལམ་གནང་སྐབས་མང་ཚོགས་ལ་གསོལ་ཇ་དང་ཉིན་དགུང་ཞལ་ལག་བཅས་གྲ་སྒྲིག་ཞུས་པ་བཅས་ས་གནས་སོ་སོར་མི་མང་གང་མང་འཛོམས་ཐུབ་པ་དང་ཉིན་མོ་འདིར་བོད་དོན་རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེའི་ལས་འགུལ་རྒྱ་གང་ཆེ་སྤེལ་ཐུབ་པ་བྱུང་ཡོད་པ་བཅས།།