༢༠༡༣ ཟླ་ ༥ ཚེས་ ༢༩ རེས་གཟའ་ལྷག་པ།
བཀའ་དྲུང་ཡིག་ཚང་གི་དྲུང་འཕར་བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༥ ཉིན་བོ་ཤུན་རྒྱ་ཡིག་དྲ་རྒྱའི་ནང་འགོད་སྤེལ་བྱས་པ། དུས་དེབ་ཀྱི་མཆན། ཉེ་དུས་གསར་དུ་དཔར་བསྐྲུན་བྱས་པའི་ཧོང་ཀོང་གི་༼前哨༽མདུན་ཕྱོགས་སོ་པ་ཞེས་པའི་དུས་དེབ་ནང་། ངས་ད་དུང་ག་འདྲ་བྱ་རྒྱུ་ཡོད་དམ། ཅེས་པའི་ཞི་ཅིན་ཕིང་གི་ནང་ཁུལ་སྤེལ་བའི་གཏམ་གླེང་ཕྱིར་བསྒྲགས་བྱས་འདུག་པ་དེར། ཕྱོགས་གང་ས་ནས་ཐོན་པའི་གནས་ཚུལ་ལ་བརྡར་ཤ་གཅོད་སྐབས། བདེན་པ་ཡིན་པའི་ཚད་གཞི་མཐོན་པོ་ཡོད་འདུག་ན། གནས་ཚུལ་འདིས་ཞི་ཅིན་ཕིང་གི་སྲིད་དབང་སྐྱོང་བའི་ཁ་ཕྱོགས་གང་ཡིན་ལ་ངོས་འཛིན་བྱ་རྒྱུར་རོགས་ཕན་ཡོང་ངེས་སྙམ།
ངས་ད་དུང་ག་འདྲ་བྱ་རྒྱུ་ཡོད་དམ།ཅེས་པའི་ཞི་ཅིན་ཕིང་གི་ནང་ཁུལ་གཏམ་གླེང་།
དེ་རིང་ངའི་གཏམ་གླེང་འདི་གསུང་བཤད་མ་རེད། དེར་བརྟེན་ཡིག་ཆ་ངོ་མར་བརྩིས་ཏེ་འགྲེམས་སྤེལ་བྱས་པ་རེད། ཨ་ཅང་ཅང་། ཆ་འཕྲིན་འཕེལ་རྒྱས་འགྲོ་བའི་དུས་རབས་འདིའི་ནང་། ང་ཚོའི་ཏང་གི་ནང་ཁུལ་གནས་ཚུལ་ཡིན་ནའང་གང་མྱུར་ཕྱི་ཕྱོགས་སུ་ཁྱབ་སྤེལ་དུ་འགྲོ་གི་ཡོད་པ་རེད།དཔེར་ན།འདིའི་སྔོན་ཙམ་དུ་ཕྱིའི་དྲ་རྒྱའི་བརྒྱུད་ལམ་ནང་། ང་དང་ཧུ་ཏེ་ཕིང་གི་ ༼ཧུ་ཡའོ་ཕང་གི་བུ་རྒན་པ་༽ གླེང་མོལ་བྱས་པའི་ཟིན་ཐོ་འགོད་སྤེལ་བྱས་འདུག།
དེ་རིང་ངས་ཁ་རི་ཁ་ཐུག་བྱས་ཤོད་འདོད་ཡོད་པ་ནི། སྤྱི་ཁྱབ་དྲུང་ཆེའི་ལས་གནས་འདི་ངས་དང་དོད་ལངས་ཏེ་རགས་ཐབས་བྱས་པ་ཞིག་མ་ཡིན་པར། འདི་ནི་ཏང་ཡོངས་ཀྱིས་ང་ལ་བཀུར་བའི་འགན་འཁྲི་ཞིག་རེད། བློ་མཐུན་ཧུ་ཅིན་ཐའོ་ཉི་ཧོང་དུ་འཚམས་གཟིགས་ཕེབས་སྐབས། ངས་རྒྱལ་ཁབ་ཀྱི་གཙོ་འཛིན་འདི་བྱེད་འདོད་ཡོད་པ་ཞིག་མ་ཡིན་པར། རྒྱལ་ཡོངས་མི་དམངས་ཀྱིས་འོས་འདེམས་བྱས་ཏེ་ང་ལ་བྱེད་བཅུག་པ་རེད། ཅེས་སྐད་ཆ་འདི་འདྲ་ཅིག་གསུངས་མྱོང་ཡོད། དོན་དངོས་ཐོག་ཏང་གི་སྤྱི་ཁྱབ་དྲུང་ཆེ་དེ་ཡང་། ང་སོ་སོ་རང་གིས་བྱས་པ་ཞིག་མིན་པར་ཏང་ཡོངས་ཀྱི་ལས་བྱེད་དང་མང་ཚོགས་ཀྱིས་ང་བདམས་ནས་བྱེད་བཅུག་པ་རེད།
ཁུར་པོ་འདི་ལྕི་པོ་འདུག་འཁྱེར་ཁག་པོ་འདུག ཆུང་དུས་ཧྲན་ཞི་ཞིང་ཆེན་གྱི་གྲོང་གསེབ་ཀྱི་རུ་ཁག་ཅིག་ནང་ཁྱིམ་གཞི་བཙུགས་ནས་སྡོད་སྐབས་རྒྱུ་མཚན་གཅིག་གསལ་རྟོགས་བྱུང་། ཆུ་ལེན་སྨྱུག་མ་ཡང་ལྕི་འདྲོང་པོ་མ་འབྱུང་ན། གོམ་པ་སྤོ་སྟངས་མ་ཤེས་པར་སྡུག་ཉེས་ན་ཆུ་ཡུར་ནང་འགྱེལ་སྲིད་པ་རེད། དེར་བརྟེན་ཚང་མས་ང་ལ་རྒྱུས་མངའ་ལོན་པ་དང་། བསམ་ཤེས་དང་བཟོད་སྒོམ་གནང་དགོས། ངས་ཕྱོགས་གཅིག་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས་པ་དང་། ཁྲིམས་ལུགས་གོང་དུ་བཀུར་ནས་རྩ་ཁྲིམས་ཀྱི་ཆེ་མཐོང་ལ་སྲུང་བརྩི་ཞུ་དགོས་ཞེས་ཤོད་པ་དང། པྱོགས་གཞན་ཞིག་ནས་ངས་ག་རེ་བྱས་ཏེ་བློ་མཐུན་མའོ་ཙེ་ཏུང་གི་གསར་བརྗེའི་སྙིང་སྟོབས་དེ་དག་བཤད་ཀྱི་ཡོད་དམ་ཞེ་ན། སྲིད་དབང་གཅིག་བསྡུས་ཀྱི་རིག་པའི་གཞུང་ལུགས་དེ་དག་དང་། ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་དབར་དོན་དངོས་ཐོག་འགལ་འཛོལ་ཡོད་པ་ངས་མི་ཤེས་པ་ག་ལ་ཡིན། ཡིན་ནའང་། ངས་འདི་ལྟར་མ་བྱེད་རང་བྱེད་རེད། ངས་ཏང་ནང་ཁུལ་དུ་བཏང་སྙོམ་བཟོ་དགོས་པ་དང་། རྒྱལ་ནང་གི་རིམ་གྲས་སོ་སོ་དང་བསམ་བློའི་ཁྱབ་ཁོངས་བཏང་སྙོམ་བཟོ་དགོས་པ་རེད། ད་ལྟ་ངས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཁ་ལ་ཉན་ཏེ་ཚང་མར་དགྲ་བཟོ་འདོད་མེད། ང་བརྗིད་ཉམས་ཆེ་བའི་ཏང་གི་སྤྱི་ཁྱབ་དྲུང་ཆེ་ཞིག་རེད་སྙམ་པའི་ལྟ་སྟངས་བལྟ་རྒྱུ་མེད།
དོན་དངོས་ཐོག་ངས་ཕྱོགས་ཚང་མར་བསྟུན་ཐབས་བྱེད་ཀྱི་ཡོད། ཁོང་ཚོར་ཉན་འདོད་ག་རེ་ཡོད་ཀྱང་ངས་ཁག་སོ་སོར་ཁོང་ཚོའི་འདོད་པ་ལྟར་ཤོད་ཀྱི་ཡོད། འདི་ནི་དགོན་པ་གང་དུ་བསྐྱོད་ཀྱང་དེའི་ཆོ་ག་འདོན་དགོས་ཞེས་པ་དེ་རེད། འདི་ལྟར་བྱས་ཚེ་འགལ་འདུ་འགྲོ་བ་དང་། ཟང་ཟིང་ཡོད་ཀྱང་གནས་སྐབས་རིང་ལྟ་རྟོག་བྱེད་ལོང་མེད། རྒན་དར་གཞོན་གསུམ་དང་། གཡས་གཡོན་དཀྱིལ་ཚང་མར་ངས་ལྷ་གསོལ་ཀླུ་གསོལ་ལྟར་བྱེད་དགོས། འདི་ལྟར་བྱེད་དགོས་དོན་ནི་ཏང་ཡོངས་ཀྱི་གཏན་ལྷིང་དང་རྒྱལ་ནང་གཏན་ལྷིང་གི་དུས་བབ་དང་འབྲེལ་བ་ཆེན་པོ་ཆགས་ཡོད།
ཏང་ནང་དུ་ཁེ་ཕན་གཙོ་གཉེར་གྱི་སྟོབས་ཤུགས་གཅིག་ཆགས་ཟིན་པ།
དོན་དངོས་ཐོག་ངའི་ལས་ཀ་བྱེད་ཁག་པོ་འདུག ཚང་མས་ཤེས་གསལ་ལྟར། མིག་སྔར་ང་ཚོ་གུང་ཁྲན་ཏང་གི་ཏང་སྲོལ་འདྲོང་པོ་མེད་པར་གྱུར་ཏེ། འགོ་ཁྲིད་ལས་བྱེད་འགའ་ཤས་ཤིག་ད་ཡོད་ཁེ་ཕན་གཙོ་གཉེར་གྱིས་སྟོབས་ཤུགས་ཆགས་འདུག འདིས་ང་ཚོའི་ཏང་དང་མི་དམངས་མང་ཚོགས་ཀྱི་འབྲེལ་བར་ཤུགས་རྐྱེན་བཟོས་ཡོད། འོན་ཏེ་ང་ཏང་གི་འགོ་ཁྲིད་མཁན་ཞིག་ཡིན་པ༌དང་། རིམ་པ་ཁག་གི་ཏང་གི་ལས་བྱེད་པས་བདམས་པའི་འགོ་ཁྲིད་ངའི་ཆ་ནས། ལྟོ་ནང་ལ་ཟས། སྒོ་ང་ཕྱི་ལ་བཏང་ན་འགྲིགས་གི་མ་རེད། འོན་ཀྱང་གལ་ཏེ་ཚད་ལས་བརྒལ་བའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་བཙན་བཟུང་བྱས་ན། ང་ཚོ་གུང་ཁྲན་ཏང་གི་ཕུགས་རིང་གི་ཁེ་ཕན་ལ་ཕན་ཐོགས་མེད། དེར་བརྟེན་ངས་ཀྱང་གཅིག་བྱ་རྒྱུ་ཡོད་མདོག་གིས། སྟག་གསོད་ཀྱི་ཡིན་ཞེས༌བཤད་ཡོད། ཡིན་ནའང་ཏང་ནང་གི་བློ་མཐུན་ཚོ་བློ་བདེ་པོ་བྱོས། ཁྱེད་ཚོའི་ནང་གི་མང་ཆེ་བ་བདེ་འཇགས་ངང་གནས་ཀྱི་རེད། འོན་ཀྱང་སྟག་གསོད་པའི་འཁྲབ་ཚན་འདི་འཁྲབ་དགོས་ཀྱི་ཡོད་རེད། མི་སེར་མང་ཆེ་བས་ལག་པ་བརྡབ་ནས་ཡག་པོ་འདུག་ཅེས་བརྗོད་ན་འགྲིག་པ་རེད། བློ་རིག་འདི་གཞི་རིམ་དུ་ཡོད་པའི་ཏང་གི་ལས་བྱེད་འགའ་ཤས་ཤིག་གི་ད་དུང་གསལ་པོ་རྟོགས་མེད།
ད་ལྟ་ཏང་ཕྱིའི་བརྒྱུད་ལམ་འགའ་རེའི་ནང་། ང་ནི་རྒྱ་ནག་གི་གོར་པ་ཅོབ་རེད་ཅེས་བཤད་འདུག འདིའི་སྐོར་ངས་གསལ་པོ་བཤད་ཆོག་པ་སྟེ། ཏང་ཡོངས་ཀྱི་ལས་གནས་འདིའི་སྟེང་ང་བདམས་པ་དེས་ང་ལ་རྒྱུས་མངའ་གསལ་པོ་བྱུང་བ་དང་། ངའི་ཐོག་ཐུགས་བློ་བདེ་པོ་ཡང་གནང་གི་ཡོད། དེར་བརྟེན་ངས་རྒྱ་ནག་གི་གོར་པ་ཅོབ་བྱེད་ཀྱི་མ་རེད། མི་འགའ་རེས་ངས་ལམ་རྙིང་པའི་ཐོག་བསྐྱོད་སྲིད་པར་ཐུགས་དོགས་གནང་བ་དང་། གཡོན་ཐལ་གྱི་ལམ་དུ་བསྐྱོད་རྒྱུ་དགོངས་པ་ནི་གོ་འཛོལ་བྱུང་བ་རང༌རེེད། བློ་མཐུན་ཧུ་ཏེ་ཕིང་ནི་ང་དང་འདྲིས་གཤིབ་ཆེ་བའི་གཅེན་པོ་རེད། ངའི་པ་ལགས་དང་ཧུ་ཡའོ་ཕང་གཉིས་གྲོགས་པོ་བློས་ཐུབ་རེད། སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཧུ་ཡའོ་ཕང་གིས་ཀྱང་དེ་སྔོན་དམར་དམག་རྒྱང་བསྐྱོད་ཀྱི་ལམ་དུ་བསྐྱར་དུ་ཕེབས་ཀྱི་ཡིན་ཞེས་གསུངས་མྱོང་བ་མ་རེད་དམ། ངའི་བསམ་པར་ང་ཚོས་དེ་སྔའི་གསར་བརྗེའི་འཐབ་རྩོད་དང་། དབང་ཆ་འཕྲོག་ལེན་གྱི་སྙིང་སྟོབས་དང་དེའི་ལོ་རྒྱུས་ལ་དྲན་གསོ་ཞུས་པ་ཞིག་ལས། དེ་དག་རྙིང་ཞེན་ཞིག་རྩ་བ་ནས་མ་རེད།
མི་འགའ་ཤས་ཤིག་གིས་ང་ཚོ་འཆི་ཁའི་མར་མེ་ལྟར་རེད་ཅེས་རྒྱག་གཏམ་རྒྱག་གི་ཡོད་པར། ང་ཚོས་ཁ་ཡ་བྱེད་དགོས་དོན་མེད། ང་ཚོ་ཏང་འདི་ཡང་ལོ་བརྒྱད་ཅུ་ལྷག་སླེབས་ཡོད། མིའི་ལོ་ཚོད་ལྟར་བྱས་ནའང་། དེ་སྔའི་ལང་འཚོ་དར་བའི་ལོ་དུས་དེ་རྣམས་དྲན་གསོ་ཡོང་གི་རེད། ངས་དུས་ད་ལྟའང་དེ་སྔོན་ང་ཧྲན་ཞི་ཞིང་ཆེན་གྱི་གྲོང་གསེབ་ཏུ་བསྐྱོད་པའི་ཉིན་མ་དེ་ཚོ་རྨི་ལམ་བཏང་གི་འདུག ངའི་པ་ལགས་ཀྱིས་ཚེ་གང་རིང་གཡོན་ཐལ་གྱི་ལས་འགུལ་ལ་བརྟེན་ནས་མི་ལ་སྡུག་པོ་བཏང་ནས་གཅུན་མྱོང་མེད། ངས་ཀྱང་དེ་ལྟར་བྱེད་ཀྱི་མ་རེད། འོན་ཀྱང་ཏང་ནང་ཁུལ་དང་རྒྱལ་ཡོངས་ནང་མའོ་ཀྲུའུ་ཞིར་དད་གུས་བྱེད་མཁན་མང་པོ་ཡོད་པར་བརྟེན། ངས་མི་དེ་དག་གི་བསམ་ཚོར་ལ་ལྟ་རྟོགས་བྱེད་དགོས་པ་རེད། ང་ཚོའི་ཏང་འདི་ད་ལྟའི་ཆ་ལ་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཡག་པོ་རང་མི་འདུག
རྒྱལ་སྤྱིའི་ཐོག་ང་ཚོ་དང་སེམས་ཐག་ཉེ་བའི་གྲོགས་པོ་ཇེ་ཉུང་དུ་འགྲོ་བཞིན་འདུག གྷ་ཌ་ཕེ་དང་ཁྲ་ཝེ་སེ། ཉིན་མ་རེར་མེད་པ་ཆགས་ཟིན་པ་རེད། བྱང་ཀོ་རི་ཡ་མཚོན་ནའང་རྙོག་ཁྲ་ཆེན་པོ་རེད། ཁོང་ཚོས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་རྒྱུའི་མིང་ཐོག་ནས་ཨ་རི་དང་འཕྲུལ་མིག་ལྟ་རེས་བྱེད་ཀྱི་འདུག དེ་སྔོན་བློ་མཐུན་མའོ་ཙེ་ཏུང་གི་དུས་སྐབས་སུ་ང་ཚོ་དང་སུའུ་ལན་གཉིས་དབར་འབྲེལ་བ་བཅད་དེ། ཨ་རི་དང་མཉམ་དུ་པིང་ཕང་སྤོ་ལོའི་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་མྱོང་ཡོད་རེད། མཐའ་མ་དེར། ལོ་མང་པོ་མ་ཕྱིན་པར་སུའུ་ལན་དམར་ཤོག་རྩ་ཐོར་དུ་ཕྱིན་པ་རེད། བྱང་ཀོ་རི་ཡར་ང་ཚོས་སྔོན་མ་ནང་བཞིན་མུ་མཐུད་དེ་རྒྱབ་སྐྱོར་བྱེད་དགོས། ཡིན་ནའང་ཁོ་སྤྱང་ཀི་མིག་དཀར་དང་འདྲ་བར་ངོ་གཉིས་སྟོན་ནས་ཟ་འདོད་བྱེད་ཀྱི་འདུག འདས་པའི་ལོ་བཅུའི་རིང་ང་ཚོས་ཕྱི་ཕྱོགས་ཀྱི་དྲིལ་བསྒྲགས་བྱས་པར་གྲུབ་འབྲས་དེ་ཙམ་ཡག་པོ་བྱུང་མ་སོང། དངུལ་མང་པོ་བཏང་ཡོད་ཀྱང། ཚུར་ང་ཚོར་ཁྲེལ་དགོད་ཟུར་ཟ་མ་གཏོགས་བྱུང་མེད། ནང་ཁུལ་གྱི་དྲིལ་བསྒྲགས་བྱས་པ་དཔེར་ན། དྲ་རྒྱའི་གླེང་ཕྱོགས་ཀྱི་སྣེ་འཁྲིད་དཔུང་སྡེ༌ཚང་མར། ད་ལྟའི་ཆ་ལ་ལྡོག་ཕྱོགས་ཀྱི་ནུས་པ་འཐོན་ཡོང་གི་འདུག
ཏེའོ་ཡུས་གླིང་ཕྲན་གྱི་གནད་དོན་སྐོར། ཚང་མས་ཤེས་ཀྱི་ཡོད་རེད། དེ་ནི་ཐབས་ཤེས་མེད་པའི་བྱ་ཐབས་ཤིག་རེད། ངས་མཁྲེགས་འཛིན་གྱི་རྣམ་པའི་ཐོག་ནས་རྒྱལ་ནང་དུ་ངའི་གཟི་རྔམ་འདི་འཛུགས་དགོས་པ་རེད། ཡིན་ནའང་ང་ཚོའི་དམག་དཔུང་གིས་དངོས་གནས་དམག་རྒྱག་ཐུབ་ཀྱི་རེད་དམ། གལ་ཏེ་དམག་བརྒྱབ་པ་ཡིན་ན། དེང་དུས་ཀྱི་དམག་འཐབ་ཀྱི་དམག་རྩལ་དང་ནུས་པ་ཡོད་མེད་ཐད་འདེང་ཚོད་མེད་པ་དང་། ལྷག་པར་དུ་གལ་ཏེ་ཨ་རིས་མཉམ་ཞུགས་བྱས་པའི་ཚད་མཐོའི་དམག་རྩལ་གྱི་རྙོག་ཟིང་ཆེ་བའི་ཆ་རྐྱེན་འོག་གི་དམག་འཁྲུག་གཞི་རྒྱ་ཆེན་པོའི་ནང་། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་གནོན་ཤུགས་དང་ཉེན་ཁར་ཁ་གཏད་གང་འདྲ་གཅོག་དགོས་མིན་ཐད། ཏང་ཡོངས་དང་དམག་ཡོངས་ཀྱི་ནན་ཏན་གྱི་སློབ་སྦྱོང་དང་བསམ་ཞིབ་བྱེད་གོས་པ་རེད།
བསྒྱུར་བཅོས་བྱ་རྒྱུའི་གནད་དོན་དང་། ལྷག་པར་དུ་ཆབ་སྲིད་ཀྱི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུའི་གནད་དོན་འདི། སྤོམ་ཚིག་ཙམ་ལས་དོན་དངོས་དང་བྲལ་བའི་ལྐོག་གྱུར་ཞིག་རེད། ལས་གནས་དེའི་ཐོག་ཏུ་མ་སླེབ་ན། དེའི་དོན་བསྒྲུབ་མི་ཐུབ་ཅེས་པ་ལྟར། ང་ཚོའི་གོ་གནས་འདི་བར་སླེབས་དུས་གནད་དོན་བསམ་ཞིབ་བྱ་རྒྱུ་མི་འདྲ་བ་རེད། ཚང་མས་ཤེས་གསལ་ལྟར་ངས་ཏང་ནང་ཁུལ་དུ། དེ་སྔའི་སུའུ་ལན་དམར་ཤོག་སྲིད་དབང་ཤོར་བའི་ལོ་རྒྱུས་ཀྱི་བསླབ་བྱར་མང་ཙམ་སློབ་སྦྱོང་བྱེད་དགོས་པའི་རེ་བ་བཏོན་ཡོད། དེ་སྔོན་ཧ་ལུ་ཤའོ་ཕུ་སུའུ་ལན་དམར་ཤོག་གི་འགོ་ཁྲིད་ཆགས་རྗེས། ཁོ་པས་སི་ཏ་ལིན་སྲིད་དབང་སྒེར་གཅོད་པ་དང་གདུག་རྩུབ་ཆེན་པོ་ཡོད་སྐོར་དགག་པ་སྐྱོན་བརྗོད་བྱེད་སྐབས། སྡིངས་ཆའི་འོག་ཏུ་ཡོད་པའི་མང་ཚོགས་ཁྲོད་ནས་མི་གཅིག་ཡར་ལངས་ཏེ། སྐབས་དེར་ཁྱེད་རང་གིས་ག་རེ་གནང་ཡོད་དམ་ཞེས་དྲི་རྩད་བྱས་པར། ཧ་ལུ་ཤའོ་ཕུས་སྐད་ཤུགས་ཆེན་པོས། དྲི་བ་འདོན་མཁན་སུ་ཡིན་ནམ། ཁྱེད་རང་སྡིང་ཆའི་སྒང་ཐོན་ཤོག་དང་། ཞེས་བཤད་དུས། མཐའ་མ་དེར་ད་གིན་དྲི་བ་བཏོན་མཁན་མི་དེས་ཡར་འཐོན་མ་ནུས་པར་ཁ་ཁུ་སིམ་མེར་བསྡད་པ་རེད། ཧ་ལུ་ཤའོ་ཕུས་མུ་མཐུད་བརྗོད་དོན་དུ། སྐབས་དེར་ང་ཡང་། ད་ལྟའི་ཁྱེད་རང་གི་གནས་སྟངས་དང་གཅིག་པ་རེད། ཅེས་ལན༌སློག་པ་རེད།
ཁྱིམ་བདག་ཆེན་པོས་ཕྱོགས་ཚང་མར་ལྟ་རྟོགས་བྱེད་དགོས།
དེར་བརྟེན། ཚང་མས་ངའི་དཀའ་ངལ་ལ་བསམ་ཤེས་གནང་དགོས། ཁྱིམ་བདག་ཆེན་པོ་ང་ཕྱོགས་ཚང་མར་ལྟ་རྟོགས་བྱེད་དགོས། གཡོན་ལ་ཕྱོགས་དྲག་ན་མི་འགྲིག་པ་དང་། གཡས་ལ་ཕྱོགས་དྲག་ནའང་གནད་དོན་ལྷག་གི་རེད། ཁྲུང་ཆིང་གི་བོ་ཤི་ལའི་དོན་རྐྱེན་དེ་མཚོན་སྟངས་ཤིག་རེད། མི་འགའ་རེས་སྲིད་བློན་བགྲེས་པོ་ཝུན་ཅཱ་བའོ་ལ་ཚིག་མཚོན་འདེབས་ཀྱི་ཡོད་རེད། དོན་དངོས་ཐོག་ཝུན་ཅ་བོ་གནང་ཁག་པོ་དེ་འདིར་ཐུགས་ཡོད། ཁོང་ཞབས་སྟེགས་འདིའི་ཐོག་བཞུགས་ནས་ང་ཚོའི་ལམ་སྲོལ་ནང་གནས་ཡོད་སྟབས། ཁོང་གིས་འདི་ལྷག་ལས་གནང་ཐུབ་ཐབས་མེད། དེ་མིན་ན་ཁོང་ཀྲའོ་ཙེ་ཡང་གཉིས་པ་ཞིག་བྱེད་འཇུག་དགོས་རེད་དམ། དེ་ལྟར་བྱས་ན་ཐོག་མ་ནས་ཏང་ནང་ཁུལ་གྱི་སྒྲིག་འཛུགས་དང་བསམ་བློའི་འདུ་ཤེས་འཛིན་སྟངས་ཐད་ཁ་བྲལ་འགྲོ་བགྱི་རེད། ཏང་མི་བགྲེས་པོ་ཞིག་དང་། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་གཅིག་ཡིན་པའི་བློ་མཐུན་ཝུན་ཅཱ་བའོས་འདི་ལྷག་ལས་གནང་རྒྱུ་མེད། ངའི་ངོས་འཛིན་ལ་འདི་ཙམ་གནང་ཐུབ་པ་དེ་རང་ཧ་ཅང་ལེགས་པོ་རེད།
གལ་ཏེ་ངས་ད་ལྟ་མ་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་དོར་བ་ཡིན་ན། འདིའི་ཐད་ཏང་གི་འགོ་ཁྲིད་ཀྱི་གཏམ་བཤད་དབང་ཆ་འདི་མེད་པར་གྱུར་གྱི་རེད། ཡང་ངས་ད་ལྟ་མངོན་གསལ་དོད་པོས་ཁྲིམས་ལུགས་ལྟར་རྒྱལ་ཁབ་སྐྱོང་དགོས། རྩ་ཁྲིམས་ཀྱི་ཆེ་མཐོང་ལ་བརྩི་བཀུར་ཞུ་དགོས་རེད་ཅེས་མ་བཤད་ན། མི་མང་པོ་ཞིག་གི་ངོས་ནས་བལྟས་ན། ཕྱོགས་ལྷུང་ཞིག་ཡིན་པས། ང་ཚོའི་ཏང་གི་འགོ་ཁྲིད་ཀྱི་གནས་བབ་ཆ་ནས་བཤད་ནའང། ཕན་ནུས་ལེགས་པོ་ཞིག་མ་རེད། དེར་བརྟེན། ཁྱེད་ཚོས་གསུངས་དང་ངས་ག་རེ་བྱ་དགོས་རེད། ངས་འདི་འདྲ་ཞིག་ལས་བྱེད་རྒྱུ་མེད། ང་ཚོར་དང་ཐོག་མིག་སྔའི་གནས་བབ་འདི་རང་སོར་གནས་ཐུབ་པ་བྱེད་དགོས། སླད་ཕྱིན་འགྱུར་བ་ག་རེ་འོང་གི་རེད། ད་ལྟ་ང་ཚོར་ད་དུང་ཡང་གྲ་སྒྲིག་མེད། འགྱུར་བ་འོང་བའི་དུས་བབ་གསལ་པོ་ཞིག་ང་ཚོས་ཀྱང་མཐོང་ཐུབ་ཀྱི་མི་འདུག ངས་སྤྱི་ཁྱབ་དྲུང་ཆེའི་ལས་གནས་འདིའི་སྟེང་བསྡད་པ་ཙམ་གྱིས། ལས་དོན་ག་རེ་ཡིན་ནའང་བརྒྱ་ཁ་གཅིག་གཅོད་ཀྱིས་དངོས་འབྲེལ་དབང་ཆ་བདག་གིར་འཛིན་ཐུབ་པ་རེད་སྙམ་དྲན་རྒྱུ་ཡོད་མ་རེད། དོན་དངོས་ཐོག་ང་ནི་ཕྱོགས་ཁག་ཚང་མའི་ཁེ་ཕན་དོ་སྙོམ་སྲུང་སྐྱོང་བྱེད་མཁན་ཞིག་རེད།
ང་ནི་ཁེ་གྱོང་བདག་འཛིན་བྱེད་མཁན་གྱི་ཚོང་དཔོན་ཆེན་པོ་འདྲ་བ་ཙམ་ཞིག་ཡིན་པས། གལ་ཏེ་ངས་ང་ཚོའི་ཏང་དང་། རིམ་པ་ཁག་གི་ཏང་གི་ལས་བྱེད་པའི་སྤྱི་ཡོངས་ཁེ་ཕན་དང་རྒྱབ་འགལ་བྱས་ན། ང་སྲིད་ཁྲིའི་སྟེང་ནས་མར་བབ་རྒྱུ་རེད། དེ་རིང་ཚུར་སྤྲད་པ་དེ་སང་ཉིན་ཕར་ལེན་གྱི་རེད། འདས་པའི་ལོ་ཟླའི་ནང་ང་ཚོའི་ཏང་གི་ཕུགས་བསམ་ལྡན་པའི་མི་ཐོག་བགྲེས་པ་འགའ་ཤས་ཡོད་པ་དཔེར་ན། ཁྲེན་དུ་ཤུ་དང་། ཀྲང་ཝུན་ཐེན་སོགས་ཁོང་ཚོར་ཏང་ནང་གི་མཐའ་མའི་མཇུག་འབྲས་ཡག་པོ་བྱུང་མེད། བློ་མཐུན་ཀྲའོ་ཙེ་ཡང་སྐོར་གླེང་མི་དགོས་པ་རེད། ཁོང་ནི་ཏང་གི་ལམ་ལུགས་ལ་འཁྲུག་རྐྱེན་སློང་མཁན་ཞིག་རེད། ངས་འདི་ལྟར་བྱེད་ཀྱི་མ་རེད་ལ། ཏང་ཡོངས་ཀྱིས་ཀྱང་ང་ལ་འདི་ལྟར་བྱེད་འཇུག་གི་མ་རེད། ང་ལ་ད་དུང་ག་རེ་བྱ་རྒྱུ་ཡོད་དམ།
ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུའི་གནད་དོན་འདི། གནད་དོན་ཆེན་པོ་རེད། སྐྲ་རྐང་གཅིག་འཐེན་ན་གཟུགས་པོ་ཡོངས་རྫོགས་འགུལ་གྱི་རེད། འདི་ལྟར་བཤད་དགོས་དོན་གང་ཡིན་ཞེ་ན། ང་ཚོས་ཏང་སྲོལ་དང་སྲིད་སྲོལ་མི་ལེགས་པ་རྣམས་ཡོ་བསྲང་བྱ་རྒྱུར། ང་ཚོའི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ་ལེགས་སྒྲིག་བྱེད་དགོས། དངོས་གཙོ་སྨྲ་བས་མི་རྣམས་ཀྱི་དངོས་ཡོད་ཀྱི་དད་མོས་མེད་པ་གྱུར་ཏེ། ཁེ་ཕན་ལོངས་སྤྱོད་བྱ་རྒྱུར་བརྩོན་ལེན་བྱེད་ཀྱི་རེད། འདི་ནི་གཅིག་ཕན་གཅིག་གྲོགས་རེད། ང་ཞི་ཅིན་ཕིང་གིས་རྟག་ཏུ་གཙོ་འཛིན་མའོ་ཙེ་ཏུང་གི་གསུང་བསྡུས་ལུང་འདྲེན་བྱ་རྒྱུར་དགའ་པོ་ཡོད་པ་ཚང་མས་མཁྱེན་གྱི་ཡོད། དེབ་རྙིང་པ་གསུམ་དེ། ང་ན་གཞོན་སྐབས་ཆུ་རྒྱུགས་རྒྱུགས་ངག་སྐྱོར་བཏང་ཐུབ་ཀྱི་ཡོད། དེའི་ནང་མའོ་ཀྲུའུ་ཞིས་ཡུས་ཀུང་གིས་རི་བོ་སྤོས་པའི་སྙིང་སྟོབས་ལ་ཧ་ཅང་དར་འཕེལ་བཏང་གནང་ཡོད།
ང་ཚོའི་ཏང་གིས་ཡུས་ཀུང་གི་རི་བོ་སྤོས་པའི་སྙིང་སྟོབས་ལ་བརྟེན། ཡུན་རིང་དཀའ་དཔྱད་འབད་བརྩོན་གྱིས་འཐབ་རྩོད་བྱས་ཏེ་སྲིད་དབང་འཐོབ་ཐུབ་པ་བྱུང་བ་རེད། འོན་ཀྱང་། ཡུས་ཀུང་གི་རི་བོ་སྤོས་པའི་སྒྲུང་གཏམ་དེ། དོན་དམ་དུ་གཏིང་ཟབ་པོ་ཞིབ་འཇུག་བྱ་རིན་མེད། ང་ཚོ་ནི་དངོས་གཙོ་རིང་ལུགས་ཀྱི་སྲིད་ཏང་ཞིག་རེད། ང་ཚོའི་རིག་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་ནི་ནུབ་ཕྱོགས་རྒྱལ་ཁབ་དང། ཨུ་རུ་སུའི་མི་འགྲམ་ནས་སློབ་སྦྱོང་བྱས་པ་ཞིག་རེད། འོན་ཏེ་ཡུས་ཀུང་གི་རི་བོ་སྤོས་པ་ཞེས་པ་ནི་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཤིག་རེད། མ་ཟད་སེམས་གཙོ་སྨྲ་བ་དང་། ལྷ་ཡོད་སྨྲ་བའི་ངོ་བོ་ལྡན་ཡོད། ཡུས༌ཀུང་གི་རི་བོ་སྤོས་པའི་སྒྲུང་གཏམ་དེ། དངོས་གནས་བྱས་ན་ཡུས་ཀུང་གི་རི་བོ་སྤོས་པ་མ་རེད། གནམ་གྱིས་ལྷས་རི་བོ་སྤོས་པ་ཞིག་རེད། རྒྱུ་མཚན་ནི་དངོས་ཡོད་ཀྱི་སྒྲུང་ནང་ཡུས་ཀུང་གི་དཀའ་དཔྱད་འབད་བརྩོན་གྱི་སྙིང་སྟོབས་ལ་ལྷའི་དབང་པོ་སེམས་འགུལ་ཐེབས་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྟོབས་ཤུགས་ཆེ་བའི་ལྷ་མངགས་ནས་དགོང་མོ་གཅིག་ལ་རི་བོ་སྤོས་ཕྱིན་པ༌རེད། འདི་ནི་སེམས་གཙོ་སྨྲ་བ་དང་། ལྷ་ཡོད་སྨྲ་བ་རེད། ཀྲུའུ་ཞི་མའོ་ཙེ་ཏུང་ནི་དེ་སྔོན་མི་ཡུལ་གྱི་མགོན་སྐྱབས་ཆེན་པོ་ཞིག་ཡིན་པའི་གནས་བབ་བཟོས་ཡོད། ད་ལྟ་ང་ཚོས་ཞི་ཅིན་ཕིང་བཟའ་ཚོ་གཉིས་ཨུ་རུ་སུ་ལ་འཚམས་གཟིགས་བསྐྱོད་པར་ཡིད་རྟོན་བྱེད་འཇུག་གི་མེད།
ག་འདྲ་བྱེད་དགོས་རེད༌དམ། གནད་དོན་འདིས་ང་ཚོའི་རིག་པའི་གཞུང་ལུགས་རང་ལ་འགལ་འདུ་ཡོད་པ་སྟོན་གྱི་ཡོད། ང་ཚོས་ཕྱོགས་གཅིག་ནས། འཛམ་གླིང་ཐོག་སྔར་ནས་མགོན་སྐྱབས་མེད་ཅེས། རྒྱལ་སྤྱིའི་གླུ་དབྱངས་ལེན་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུའུ་ཞི་མའོ་ཙེ་ཏུང་ནི་རླབས་ཆེན་གྱི་མགོན་སྐྱབས་རེད་ཅེས་ཤོད་ཀྱི་ཡོད། ང་ཚོས་ཕྱོགས་གཅིག་ནས་ཡུས་ཀུང་གི་རི་བོ་སྤོས་པའི་སྙིང་སྟོབས་ལ་བརྟེན་ནས་གསར་བརྗེའི་གྱེན་ལོག་བྱས་ཏེ་སྲིད་དབང་འཕྲོག་པ་དང་། ཕྱོགས་གཞན་ཞིག་ནས་ང་ཚོས་ཡང་རང་མི་རིགས་ཀྱིི་རིག་གནས་དང་བསམ་པའི་དད་མོས་ལ་དགག་པ་རྒྱག་གི་ཡོད། ང་ཚོ་རང་གིས་འགལ་འཛོལ་ཆེན་པོ་བཟོ་ཡི་མི་འདུག་གམ། ཡང་ན་ག་བྱེད་འདི་བྱེད་མི་ཤེས་པ་མ་ཡིན་ནམ། ང་ཚོས་ད་དུང་ཏང་གི་བྱ་གཞག་གང་འདྲ་བྱས་ནས་མཐའ་འཁྱོངས་བྱས་ཏེ། ང་ཚོས་དཀའ་ངལ་བརྒྱ་ཕྲག་མང་པོ་ཁྱད་བསད་བྱས་ཏེ་ཐོབ་པའི་སྲིད་དབང་སྲ་བརྟན་བཟོ་དགོས་སམ།
དེ་འདྲ་སོང་ཙང་། ད་ལྟ་ང་ཚོར་རིག་པའི་གཞུང་ལུགས་དང་ལམ་སྲོལ་སོགས་ཕྱོགས་ཚང་མ་ནས་ཡིད་ཆེས་བརླག་པའི་དཀའ་ངལ་འཕྲད་ཡོད། ཡིན་ནའང་ད་ལྟ་ང་ཚོར་དེ་ལས་ལྷག་པའི་རིག་པའི་གཞུང་ལུགས་དང་ལམ་ལུགས་ལེགས་པོ་ཞིག་རྙེད་སོན་བྱུང་མེད། ང་ཚོས་ཀྱང་འཚབ་ཚུབ་ལས་སླའི་ངང་བསྒྱུར་བཅོས་གཏོང་རྒྱུ་མེད། དམར་ཤོག་སུའུ་ལན་རྩ་མེད་ཕྱིན་པའི་ཉམས་མྱོང་བསླབ་བྱ་ནི། གོར་པ་ཅོབ་གྱིས་ཐོག་མར་ཏང་གི་འདུ་ཤེས་འཛིན་སྟངས་དང་རིག་པའི་གཞུང་ལུགས་བསྒྱུར་བཅོས་བྱས་པའི་མཐའ་མའི་མཇུག་འབྲས་སུ། སུའུ་ལན་དམར་ཤོག་གི་སྲིད་དབང་རི་ལུགས་པ་ཐག་པས་མི་འདུམ་པ་ལྟར་རྩ་མེད་དུ་ཕྱིན་པ་རེད། བློ་མཐུན་ཝང་ཆི་ཧྲན་གྱིས་ང་ཚོ་ཚང་མར་དཔེ་དེབ་ཅིག་ཀློག་དགོས་པའི་དྲན་སྐུལ་བྱས་ཡོད། དཔེ་དེབ་འདི་ནི་ཕ་རན་སི་གསར་བརྗེ་ཆེན་པོ་བྱུང་བའི་སྐོར་རེད། བསླབ་བྱ་འདི་རང་རེད། ཆབ་སྲིད་ལམ་ལུགས་ཀྱི་བསྒྱུར་བཅོས་བྱ་རྒྱུ་དེ། ཡག་པོ་མ་བྱུང་བར་ཁ་ཤོ་གཅིག་ཤོར་ན། ཚུར་ཕྱི་ལོག་རྒྱག་ས་མེད་པ་དང་། ཚོད་འཛིན་ཡང་བྱེད་ཐབས་མེད། སྐབས་དེ་དུས། ངའི་ཏང་གི་སྤྱི་ཁྱབ་དྲུང་ཆེ་འདི་ཡང་བྱེད་ཐུབ་ཐབས་མེད་ལ། ཏང་གི་འགོ་ཁྲིད་ཀྱི་གནས་བབ་འདི་རྒྱུན་གནས་ཐུབ་མིན་སུས་ཀྱང་ཤོད་མི་ཐུབ།
དེར་བརྟེན། ང་ཚོས་བསྒྱུར་བཅོས་མ་བྱས་པ་མ་རེད། བསྒྱུར་བཅོས་དངོས་གནས་བྱ་རྒྱུ་མེད་ཅིང་། དེ་བས་ཀྱང་ལས་སླ་འཚབ་འཚུབ་ངང་བསྒྱུར་བཅོས་བྱ་རྒྱུ་མེད། སུས་འགན་འདི་འཁུར་ཐུབ་ཀྱི་རེད་དམ། བློ་མཐུན་ཏིང་ཞའོ་ཕིང་གི་དུས་སྐབས་སུ། བསྒྱུར་བཅོས་བྱ་རྒྱུའི་ཚོད་ལྟ་ཞིག་བྱས་པར། མཐའ་མ་གནད་དོན་ཆེན་པོ་ལྷག་པ་རེད། དྲུག་བཞིའི་དོན་རྐྱེན་འདི་དུས་ད་ལྟ་ཡིན་ནའང་རྒྱལཁབ་ཕྱི་ནང་གི་དམར་ཤོག་ལ་ངོ་རྒོལ་སྟོབས་ཤུགས་ཀྱིས་ང་ཚོར་སྐྱོན་འཛུགས་བྱས་པའི་ཁ་གཡར་ས་ཞིག་ཆགས་ཡོད། དེས་རྐྱེན་གྱི་བློ་མཐུན་ཀྲའོ་ཙེ་ཡང་སྲིད་སྟེགས་ནས་ཕབ་པ་རེད། དོན་རྐྱེན་དེས་ག་རེ་བྱུང་བ་རེད་དམ་ཞེ་ན། ད་ལྟའི་དུས་བབ་འདི་བློ་མཐུན་ཏིང་ཞའོ་ཕིང་གི་དུས་སྐབས་ལས་གཞན་པ་ཆགས་ཡོད་རེད། རྒྱལ་ནང་གི་བརྒྱུད་ལམ་དང་མི་མང་མང་ཚོགས་ཀྱི་གོ་རྟོགས་སྐོར་གླེང་གི་མེད། འོན་ཏེ་ཏང་ནང་ཁུལ་གྱི་སྲོལ་རྒྱུན་འདི་སྔོན་མ་ལས་ཞན་པ་འདུག ཅང་ཙེ་མིན་དང་ཧུ་ཅིན་ཐའོ་དྲུང་ཆེ་གཉིས་ཀྱི་སྐབས་སུ་ཡང་། གནད་དོན་འདི་བདག་མེད་དུ་བཞག་ཡོད། དེ་རིང་ངས་ལྟ་དུས་དུས་སྐབས་དེ་ད་དུང་ཡང་སྨིན་པོ་བྱུང་མི་འདུག
ད་ལྟའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་བལྟས་ན། བཅོས་ཐབས་ག་ལེར་བྱ་རྒྱུ་རེད། ང་ཚོས་ད་ལྟའི་གནས་སྟངས་རང་སོར་ཆུད་ཐུབ་པ་བྱུང་ན་ལྷ་རབ་རེད། དེར་བརྟེན་ང་ཚོས་ད་ལྟ་༼རང་གི་རིག་པའི་གཞུང་ལུགས་ལ་ཡིད་ཆེས་དང་། རང་གི་འགྲོ་ལམ་ལ་ཡིད་ཆེས། རང་གི་ལམ་སྲོལ་ལ་ཡིད་ཆེས་བྱེད་གོས༽ཞེས་ཡིད་ཆེས་གསུམ་བཤད་དེ། དོན་དམ་འགུལ་བསྐྱོད་རྒྱག་མི་དགོས་པ་དང་། མ་མཐར་ད་ལྟ་འགུལ་བསྐྱོད་གཏོང་རྒྱུ་མེད་པའི་གོ་དོན་བསྟན་ཡོད།
ཏང་གི་རིག་པའི་གཞུང་ལུགས་དང་འདུ་ཤེས་འཛིན་སྟངས། ང་ཚོའི་འགྲོ་ལམ་དང་ལམ་སྲོལ་བཅས་འབྲེལ་བ་ཡོད་པ་རེད། ཏང་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་དོ་དམ་བྱེད་རྒྱུ་དེ་མིག་སྔར་གཡོ་འགུལ་གཏོང་རྒྱུ་མེད། མི་འགའ་ཤས་ཀྱིས་ལྷོ་ཕྱོོགས་ཚགས་པར་གྱི་དོན་གནད་དེ། ལིའུ་ཡུན་ཧྲན་དང་ཀོང་ཏུང་ཞིང་ཆེན་དྲིལ་བསྒྲགས་ལས་ཁུངས་ཀྱི་བསམ་ཚུལ་རེད་ཟེར་བཤད་འདུག དོན་དངོས་ཐོག་གནད་དོན་དེའི་ཐག་གཅོད་བྱེད་སྟངས་ང་ཞི་ཅིན་ཕིང་གི་རྣམ་འགྱུར་ཡིན། དེ་གསུམ་གྱི་ཐད། མི་སེམས་གཡོ་འགུལ་ཐེབས་ན་ལས་ཀ་བྱེད་ཁག་པོ་རེད། དེར་བརྟེན་རིག་པའི་གཞུང་ལུགས་དང་མ་ཁེ་སེ་རིང་ལུགས། མའོ་ཙེ་ཏུང་གི་དགོངས་པ་བཅས་ད་ལྟ་ང་ཚོས་མུ་མཐུད་དྲིལ་བསྒྲགས་སློབ་གསོ་རྒྱག་དགོས། དེ་མིན་བཀག་རྒྱ་གློད་ཙམ་བྱས་ན། སྐབས་དེ་དུས་ཁྱོན་ཡོངས་ནས་གཞན་དབང་དུ་ཤོར་གྱི་རེད།
ང་རང་ཉིད་འདི་ལྟ་བུའི་མཇུག་འབྲས་འཐོན་རྒྱུ་མཐོང་དོད་མེད། ཏང་ཡོངས་ཀྱིས་ཀྱང་ང་ལ་འདི་ལྟར་བྱེད་འཇུག་འདོད་མེད། ཉེ་ཆར་ཧྲན་ཞི་ཞིང་ཆེན་གྱི་བེུད་འཐུས་མི་བགྲེས་སོང་འདིར། ང་ཚོས་གློག་བརྙན་དཔར་ལེན་བྱས་ཏེ་མོའི་བྱས་རྗེས་དྲིལ་བསྒྲགས་བྱ་རྒྱུ་ཡིན། དེས་ག་རེ་མཚོན་གྱི་ཡོད་ཅེ་ན། ང་ཚོས་ཏང་ཕྱི་དང་ཕྱི་ཕྱོགས་ཀྱི་མི་ཚོས་ཁུངས་མེད་གཏམ་འཆལ་བཤད་པར་རྩིས་འགྲོ་བཏང་གི་མེད་པ་གསལ་སྟོན་བྱས་ཡོད། ང་ཚོ་གུང་ཕྲན་ཏང་གི་ག་རེ་བྱ་དགོས་མིན་ཐད། ང་ཚོར་ལྟེ་བའི་རིན་ཐང་དང་གཏན་ཚིགས་རིག་པ་ཡོད། ང་ཚོས་མུ་མཐུད་དེ་ལེ་ཕུང་ལ་སློབ་སྦྱོང་བྱེད་དགོས་པ་དང་། མཉམ་སྡེབ་རིང་ལུགས་ལ་ཤུགས་སྣོན་བརྒྱབ་ནས་རང་མོས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། བློ་མཐུན་ཏིང་ཞའོ་ཕིང་གིས་ཞི་མི་དཀར་པོ་དང་ནག་པོ་ཡིན་མིན་ལ་ཁྱད་མེད། རྩི་རྩི་ཟིན་ཐུབ་མཁན་ཞི་མི་དེ་ཡག་པོ་རེད་ཅེས་གསུངས་མྱོང་ཡོད། ང་ཚོས་དུས་འདས་པ་དང་ད་ལྟ་བར་དངོས་ཡོད་ཐོག་དཔེ་དེབ་ལ་བལྟས་མེད་པར། དངོས་ཡོད་རིང་ལུགས་ལ་བརྟེན་གྱི་ཡོད། ཨ་ཅང་ཅང་། ང་ཚོར་འདིས་རྐྱེན་གྱིས་ཕུགས་རྒྱང་རིང་བའི་ལོ་རྒྱུས་ཀྱི་མཐོང་རྒྱ་ཤོར་བ་དང་། ང་ཚོའི་གནས་བབ་དང་དྲང་ཕྱོགས་ཀྱི་རིན་ཐང་མེད་པ་ཆགས་སྲིད་ཀྱི་མ་རེད་དམ།
སྟག་གསོད་རྒྱུ་ཞེས་པ་དེ་ནི། སྐྱོགས་ཤད་བརྒྱབ་ནས་འཁོལ་ཁ་འཇགས་ཐབས་ཤིག་ཡིན།
ད་ལྟའི་ཆར་མི་མང་པོས་ང་ཚོའི་འཕེལ་རྒྱས་ཀྱི་བཟོ་དབྱིབས་ནས་ལྷག་པའི་སྐྱོན་ཆར་སྐྱོན་བརྗོད་བྱེད་ཀྱི་འདུག འོན་ཀྱང་འདི་དང་ང་ཚོའི་རིག་པའི་གཞུང་ལུགས་དང་། ལམ་སྲོལ། ཡང་ན་ང་ཚོའི་དབང་བསྒྱུར་བྱེད་པའི་དབང་ཆ་དང་འབྲེལ་བ་ཡོད། ང་ཚོས་ལྷོད་གཡེང་དང་འོས་མེད་འགྲིགས་ཐབས་བྱེད་ས་མེད། ད་འོ་ན་ང་ཚོའི་རིག་པའི་གཞུང་ལུགས་དང་། འགྲོ་ལམ། ལམ་ལུགས་བཅས་འགྱུར་བ་བཏང་རྒྱུ་མེད་ན། ཏང་གི་ལས་བྱེད་པའི་འཇིག་རྟེན་ལྟ་བ་དང་རིན་ཐང་གི་ལྟ་བ་ཡང་འགྱུར་བ་བཏང་རྒྱུ་ཡོད་མ་རེད། དེར་བརྟེན་ང་དང་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲུང་ཆེ་བློ་མཐུན་ཝང་ཆི་ཧྲན་གྱིས་སྟག་གསོད་རྒྱུ་ཡིན་སྐོར་གླེང་པ་འདི། སྐྱོགས་ཤད་བརྒྱབ་ནས་འཁོལ་ཁ་འཇགས་ཐབས་གྱི་གནས་སྐབས་ཀྱི་བྱེད་ཐབས་ཤིག་རེད། དེར་བརྟེན་ཝང་ཆི་ཧྲན་གྱིས་ད་ལྟ་ནི་སྐབས་འཕྲལ་གྱི་བཅོས་ཐབས་བྱ་རྒྱུ་རེད་ཅེས་གསུངས་ཀྱི་འདུག ག་དུས་རྩ་བ་བཅོས་ཀྱི་རེད་ཟེར་ངས་དྲི་དུས། གཅིག་བྱས་ན་ང་ཚོའི་རིག་གཞུང་དང་འགྲོ་ལམ། ལམ་ལུགས་བཅས་དངོས་འབྲེལ་གྱི་ལེགས་སྒྲིག་བྱེད་འགོ་བཙུགས་རྒྱུའི་དུས་སྐབས་ཤར་དུས་བཅོས་རྒྱུ་རེད་ཟེར། སྐབས་དེ་དུས་ཕྱིས་དྲག་གི་མ་རེད་དམ་སྙམ། དེར་བརྟེན་ངའི་རེ་བར་བློ་མཐུན་ཝང་ཆི་ཧྲན་གྱིས་ངོ་སྤྲོད་མཚམས་སྦྱོར་གནངབའི་ཕ་རན་སིའི་དཔེ་དེབ། ༼ལམ་ལུགས་རྙིང་པ་དང་གསར་བརྗེ་ཆེན་པོ་༽ཞེས་པའི་དེབ་འདི་ཚང་མས་ཡག་པོ་ཞིག་ཀློག་དགོས།
ང་ཚོ་གུང་ཕྲན་ཏང་མི་ནི་དངོས་གཙོ་ལོ་རྒྱུས་སྨྲ་བའི་ལྟ་བ་འཛིན་གྱི་ཡོད། འོན་ཀྱང་དངོས་གཙོ་ལོ་རྒྱུས་སྨྲ་བ་འདི་ལའང་གནད་དོན་ཞིག་ཡོད་པ་སྟེ། ཆོད་དོན་སྨྲ་བ་དང་། ལས་དབང་སྨྲ་བ་ཞིག་རེད། དེ་འདྲ་སོང་ཙང་། ང་ཚོས་འདི་ལྟར་མུ་མཐུད་བསྐྱོད་ན་མངོན་འགྱུར་ཡོང་རྒྱུ་མེད་པའི་བརྒྱུད་རིམ་ཞིག་རེད་ཅེས་སུས་ཤོད་ཐུབ་བམ། ང་ཚོས་སྣང་མེད་ཚོར་མེད་ངང་དམར་ཤོག་སུའུ་ལན་ནམ་མན་འཇུ་གོང་མ་རྩ་མེད་དུ་འགྲོ་བའི་ལམ་རྙིང་དུ་བསྐྱོད་ཀྱི་མེད་དམ། མིག་སྔའི་ང་ཚོའི་དུས་བབ་ངོས་ནས་བཤད་ན། ང་ཚོས་དར་ཆ་དམར་པོ་འདི་ག་ཚོད་བར་ཡར་འགྲེངས་ཐུབ་མིན་གྱི་སྐད་ཆ་ཞིག་མ་ཡིན་པར། རྒྱལ་སྲིད་འདི་ག་ཚོད་བར་གནས་ཐུབ་མིན་གྱི་གནད་དགག་ལ་ཐུག་ཡོད། དེར་བརྟེན་ངའི་ལྟ་སྟངས་དང་ལངས་ཕྱོགས་ནི། ཐོག་མཐའ་བར་གསུམ་གྱི་རྒྱུན་འཁྱོངས་བྱ་རྒྱུ་འདི་ཡིན། ངས་རེ་བར་ཏང་ཕྱི་ནང་དང་། གཡས་གཡོན་དཀྱིལ་ཕྱོགས་ཚང་མས་གོ་འཛོལ་མ་གནང་རོགས་གནང་། དེ་མིན་ཁྱེད་རང་ཚོའི་རྒྱུ་རྐྱེན་རེད་མ་གཏོགས། ང་ཞི་ཅིན་ཕིང་གི་ཆེད་མངགས་མིག་འཕྲུལ་རྩེད་པ་དང་། ཡང་ན་མགོ་ཐོམ་འཇུག་པ་བཟོས་པ་མ་རེད།
འོན་ཀྱང་། རྗེས་མ་འགྱུར་བ་འགྲོ་དང་མི་འགྲོ། གདོང་ལེན་བྱེད་དགོས་ས་གསར་པ་སླེབ་དང་མ་སླེབ་ཤོད་ཚོད་དཀའ་བས། དེར་བརྟེན་ང་ཚོས་གསར་གཏོད་བྱེད་དགོས་པ་དང་། དེའི་ནང་རིག་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུ་འཚུད་ཡོད། མི་འགའ་རེས་འདི་ནི་ལག་རྩལ་རིང་ལུགས་པའི་སྟེང་སྲིད་ཏང་གཅིག་གི་དབང་ཆ་སྒེར་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མན་འཇུའི་སྐབས་ཕྱིའི་ལས་དོན་བསྒྱུར་བཅོས་བྱེད་སྟངས་ལ་ལས་མོ་བྱས་པ་རེད་ཟེར་ཤོད་ཀྱི་ཡོད། ཁོང་ཚོ་ལངས་ནས་སྐད་ཆ་བཤད་རྒྱུར་སྐེད་པ་མནན། ཁོང་ཚོར་བཤད་འཇུག་ཤོག གལ་ཏེ་ཁོང་ཚོ་ང་ཚོའི་གོ་གནས་འདི་དང་ལངས་ཕྱོགས་འདིའི་སྟེང་སླེབས་ན། ཁོང་ཚོས་ད་དུང་འདི་ལྟར་སྐྱོན་འཛུགས་བྱེད་ཀྱི་རེད་དམ། དེ་སྔོན་ངས་ཏང་གི་སློབ་གྲཱའི་ནང་གཏམ་བཤད་བྱེད་སྐབས་བཤད་མྱོང་། དུས་རིམ་ལས་བརྒལ་བའི་དམིགས་ཡུལ་བཤད་རྒྱུ་མེད། དོན་དངོས་དང་བསྟུན་དགོས་རེད། རྒྱུ་མཚན་ནི། ང་ཚོས་ཕྱོགས་གང་ས་ནས་ལྷག་པའི་དངོས་དོན་ལ་གདོང་ལེན་བྱེད་དགོས། ང་ཚོས་ཤེས་ཡོན་ཅན་ཁོང་ཚོ་ནང་ལྟར་འདུ་ཤེས་སམ་ཕུགས་བསམ་གཅིག་པུའི་ཐོག་ནས་གནད་དོན་ལ་བལྟ་མི་ཐུབ། དེར་བརྟེན་ཉེ་ཆར་ང་ཚོ་ཆབ་སྲིད་ཅུས་ཀྱིས་མཉམ་སྡེབ་ཐོག་སློབ་སྦྱོང་བྱེད་སྐབས། དེ་སྔ་དང་མི་འདྲ་བར་དངོས་དོན་གྱི་ཚོར་བ་ཡོད་པ་མ་ཟད། ཞིབ་ཕྲའི་ལས་དོན་གྱི་ཉམས་མྱོང་ལྡན་པའི་འགོ་ཁྲིད་བློ་མཐུན་དང་། ལྷན་ཁང་ཁག་གི་འགོ་ཁྲིད་གང་མང་མང་སློབ་ཁྲིད་གནང་བར་གདན་ཞུ་བྱེད་ཀྱི་ཡོད། འདི་ནི་ངའི་མིག་སྔའི་ལས་དོན་བྱེད་པའི་རྣམ་འགྱུར་དང་། སྤྱོད་ཚུལ་ཡིན། ཚང་མས་ང་ལ་བསམ་ཤེས་གནང་རྒྱུའི་རེ་བ་ཞུ་གི་ཡོད། དེ་མིན་ན། ངས་ད་དུང་ག་འདྲ་བྱེད་དགོས་རེད་དམ།། །།
རྫོགས།