༢༠༡༣ ཟླ་ ༥ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་ (Registration Certificate, Residential Permit & Long Term Stay Certificate) དང༌། རྒྱ་གར་ནང་དམིགས་བསལ་འཛུལ་ཞུགས་ཆོག་པའི་ལག་ཁྱེར་ (Special Entry Permit) བཅས་དང་འབྲེལ་བའི་རྒྱུན་དུ་
མཁྱེན་དགོས་པའི་གལ་ཆེའི་ལམ་སྟོན་གཤམ་གསལ།
༡༽ རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་ཇི་འདྲ་ཞིག་ཡིན་རུང་དམ་གཟབ་ཀྱིས་བདག་གཉེར་གནང་ཐོག་དུས་ཐོག་ཏུ་ས་གནས་འབྲེལ་ཆགས་སྐོར་སྲུང་ལས་ཁུངས་ (FRO) སུ་དོ་བདག་ངོ་བཅར་གྱིས་དུས་འགྱངས་ངེས་པར་དུ་ཞུ་དགོས།
༢༽ རང་རིགས་སུ་འདྲ་ཞིག་རྒྱ་གར་དུ་སྐྱེས་པའམ། ཡང་ན་རྒྱ་གར་དུ་འབྱོར་ནས་ལོ་ ༢༠ ཧྲིལ་པོ་ཟིན་པ་ ༼དོ་བདག་གི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་སྟེང་ལོ་ ༢༠ རྒྱ་གར་ནང་གནས་པ་ཞིག་གསལ་དགོས།༽ རྣམས་ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གྱི་དུས་འགྱངས་ལོ་ལྔ་རེ་གནང་རྒྱུའི་ཆོག་མཆན་ཐོབ་ཡོད་པས་ལག་ཁྱེར་དུས་ཚོད་མ་རྫོགས་གོང་གནས་ཁུལ་སྐོར་སྲུང་ལས་ཁུངས་ (Police Station or Chowki) ནས་དགག་ཆ་མེད་པའི་རྒྱབ་གཉེར་ཕྱག་བྲིས་ (Police Clearance Certificate or No Objection letter) བཞེས་པའི་མཚམས་འབྲེལ་ཆགས་ས་གནས་སྐོར་སྲུང་ལས་ཁུངས་ (S.P office or FRO) ནས་ལོ་ལྔའི་དུས་འགྱངས་ཞུ་དགོས།
༣༽ དོན་ཚན་གཉིས་པའི་ནང་མ་ཚུད་པ་རང་རིགས་རྒྱ་གར་དུ་མ་སྐྱེས་པའམ། རྒྱ་གར་དུ་འབྱོར་ནས་ལོ་ ༢༠ མ་སོན་པ་རྣམས་རྣམ་ཀུན་ལྟར་དོ་བདག་སོ་སོའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གྱི་དུས་ཚོད་མ་རྫོགས་གོང་ཉིན་གྲངས་ ༡༥ ནང་ཚུན་འབྲེལ་ཆགས་ས་གནས་སྐོར་སྲུང་ལས་ཁུངས་ནས་དུས་འགྱངས་ཞུ་དགོས། དུས་ཐོག་དུས་འགྱངས་བཀའ་འཁྲོལ་མ་ཞུས་པ་རྣམས་ལ་ཁྲིམས་ཆད་ཕོག་སྲིད་པས་དེ་ལུགས་ཐུགས་སྣང་ཆེ་བཞེས་གནང་དགོས།
༤༽ རང་ལོ་ ༦༥ ཡན་སོན་པ་དང༌། དབང་པོ་སྐྱོན་ཅན་རྣམས་ཀྱི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་དུས་འགྱངས་ཞུ་སྐབས་དོ་བདག་ངོ་བཅར་མི་དགོས་པར་འབྲེལ་ཆགས་ས་གནས་འགོ་འཛིན་ནམ་ངོ་ཚབ་ནས་དུས་འགྱངས་ཞུ་ན་འཐུས་རྒྱུ།
༥༽ བདུན་ཕྲག་བརྒྱད་ལྷག་ཕྱོགས་བསྐྱོད་བྱ་དགོས་པ་རྣམས་ནས་སྒྲིག་མཐུན་ལྟར་སོ་སོའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་སྟེང་མ་ཐོན་གོང་ཐོན་མཆན་དང༌། བསྐྱོད་ཡུལ་ས་གནས་དེར་འབྱོར་མ་ཐག་འབྱོར་མཆན་ (Departure & Arrival) འབྲེལ་ཆགས་ས་གནས་སོ་སོ་ནས་ངེས་པར་དུ་ཞུ་དགོས་ཤིང༌། ཕྱོགས་བསྐྱོད་སྐབས་ལག་དེབ་ངེས་པར་དུ་བསྣམ་གནང་དགོས།
༦༽ མཐོ་རིམ་སློབ་ཕྲུག་ཚོས་རང་ཉིད་མཐོ་སློབ་འགྲིམ་ཡུལ་ས་གནས་དེ་ག་ནས་དུས་འགྱངས་ཞུ་ཐབས་གནང་དགོས་པ་ལས་དེ་མིན་དུས་ཐོག་ངོ་བཅར་མ་ཐུབ་པའི་དཀའ་ངལ་འཕྲད་ངེས་ཆེ།
༧༽ རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་སྟེང་ཐོན་མཆན་དང་འབྱོར་མཆན་ (Departure & Arrival) ཞུ་མི་རྣམ་པས་ཐོན་མཆན་ཞུས་པའི་ཉིན་མོ་ནས་བདུན་ཕྲག་གཅིག་གམ་ཉིན་བདུན་ནང་ཚུན་འབྱོར་མཆན་ངེས་པར་དུ་ཞུ་ཐུབ་པ་དགོས་རྒྱུ་ལས་དེ་མིན་འབྱོར་མཆན་ཐོབ་རྒྱུར་སྐུ་ངལ་འཕྲད་སྲིད་པས་དགོངས་པར་འཇགས་དགོས།
༨༽ རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་ཞུ་ཡུལ་ས་གནས་དེ་ནས་ས་གནས་གཞན་ཞིག་ཏུ་གནས་སྤོ་བྱ་དགོས་པ་རྣམས་ནས་གནས་སྤོ་བྱ་ཡུལ་གྱི་ས་གནས་སུ་སོ་སོའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་སྤོ་བཞུད་གནང་ལམ་ཡོད་པས་སྒྲིག་མཐུན་ལྟར་སྤོ་བཞུད་གནང་དགོས།
༩༽ རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་རྐུ་ཤོར་བ་དང༌། བོར་བརླག་ཕྱིན་པ། འཕྲོ་བརླག་ཤོར་བ་སོགས་བྱུང་ཚེ་ལམ་འཕྲལ་ཐག་ཉེའི་བསྐོར་སྲུང་ལས་ཁུངས་ལ་སྙན་སེང་དེབ་སྐྱེལ་ (FIR) བྱས་པའི་ངོས་སྦྱོར་ཞུས་ཏེ། ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་ (Foreigners Registration Office) ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ངོ་འདྲ་བཟོ་ཆེད་ཞུ་གཏུགས་གནང་དགོས།
༡༠༽ གཞིས་མི་འདས་གྲོངས་སོང་བའི་གནས་སྡོད་ཆོག་པའི་ལག་ཁྱེར་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་ (Foreigners Registration Office) ལ་སྙན་སེང་དང་འབྲེལ་རྩིས་འབུལ་ཞུ་དགོས་པ་ལས་མི་གཞན་གྱིས་བེད་སྤྱོད་གནང་ན་ཁྲིམས་འགལ་ཡིན་པས་དེ་ལུགས་དགོངས་པར་འཇགས་དགོས།
༡༡༽ རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་དང༌། གཞན་གཞུང་འབྲེལ་ཡིག་ཆ་ཇི་ཡིན་རུང་གི་ནང་དོན་ལ་འབྲི་སྲུབ་དང༌། བཟོ་བཅོས་གནང་རིགས་ཁྲིམས་འགལ་ཡིན་པས་དེ་རིགས་རྩ་བ་ནས་གནང་མི་ཆོག
༡༢༽ རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ནང་འཁོད་བརྡ་ཁྱབ་ལམ་སྟོན་དོན་ཚན་ཁག་ལ་ཐུགས་སྣང་གིས་འགལ་འཛོལ་མེད་པ་གནང་དགོས།
༡༣༽ རྒྱ་གར་ནས་ཕྱི་རྒྱལ་ཡུལ་གྲུ་གང་དུའང་གཏན་འཇགས་གནས་སྤོ་གནང་དགོས་རྣམས་ནས་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་ (Foreigners Registration Office) ནས་ཕྱིར་ཐོན་གྱི་ཆོག་མཆན་ (Exit Permit) ཞུ་དགོས་ཐོག་དོ་བདག་སོ་སོའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་རྩིས་འབུལ་ཞུ་དགོས། དེ་བཞིན་ཕྱི་རྒྱལ་ཁག་ལ་གནས་སྐབས་བསྐྱོད་དགོས་རྣམ་པས་འབྲེལ་ཡོད་ཕྱི་མི་དེབ་སྐྱེལ་ལས་ཁུངས་ (Foreigners Registration Office) ནས་ཕྱིར་ཐོན་ཆོག་མཆན་ཞུས་རྗེས་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ཐོག་ཐོན་མཆན་དང༌། དེ་ནས་འབྱོར་སྐབས་འབྱོར་མཆན་བཅས་ངེས་པར་དུ་ཞུ་དགོས།
༡༤༽ བོད་དུ་གཏན་འཇགས་ཕྱིར་ལོག་གནང་མཁན་སུ་ཡིནའང་སོ་སོའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་འབྲེལ་ཆགས་ཕྱི་མི་དེབ་སྐྱེལ་ལས་ཁུངས་ (FRO) སུ་ངེས་པར་དུ་རྩིས་འབུལ་ཞུ་དགོས།
༡༥༽ མངའ་སྡེ་སོ་སོའི་ཁྲིམས་ལུགས་ལྟར་བོད་ཕྲུག་རང་ལོ་ ༡༦ དང་ ༡༨ སོན་རིམ་བཞིན་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་དུས་འགྱངས་མེད་པར་གསར་བཟོ་དགོས་གལ།
༡༦༽ ཕྱི་བསྐྱོད་ལག་དེབ་སེར་པོ་ (IC) གསར་བཟོའི་སྐབས་སྡོད་གནས་ཞལ་བྱང་ཇི་གནང་དེའི་ཐོག་ས་གནས་བསྐོར་སྲུང་ལས་ཁུངས་ནས་རྒྱ་གར་དུ་ཕྱིར་ལོག་གནང་ཚེ་དགག་ཆ་མེད་པའི་ཞིབ་འཇུག་ (NORI Enquiry) གནང་གི་ཡོད་འདུག་པས་དེ་ལུགས་ཞལ་བྱང་ཁ་གསལ་བརྟན་པོ་ཞིག་གནང་དགོས། ཞིབ་འཇུག་སྐབས་དོ་བདག་སོ་སོ་དང༌། སོ་སོའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ངོ་མ་དེ་སྤྱན་འབུལ་ཞུ་དགོས། གལ་ཏེ་བསྐོར་སྲུང་བའི་ཞིབ་འཇུག་སྐབས་དོ་བདག་སོ་སོ་ས་གནས་སུ་མ་བཞུགས་པ་སྐབས་འཁེལ་དང༌། ཡང་ཞལ་བྱང་གནང་བ་དེ་ནས་ས་གནས་གཞན་ཞིག་ཏུ་སྤོ་བཞུད་རྐྱེན་པས་ས་གནས་བསྐོར་སྲུང་བས་བརྩད་གཅོད་མ་ཐུབ་པ་བྱུང་བ་རྣམ་པས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་ཕྱི་བསྐྱོད་ལག་དེབ་ཚན་པ་ (IC section) ལ་འབྲེལ་གཏུགས་གནང་སྟེ་ (NORI Enquiry) ཞིབ་འཇུག་བསྐྱར་དུ་གཏོང་གནང་ཡོང་བའི་འབོད་བསྐུལ་དང་སྦྲགས་འབྲེལ་གཏུགས་ཞལ་བྱང་གསར་པ་ཇི་ཡིན་སྙན་སེང་ཞུ་དགོས་པ་དགོངས་པར་འཇགས་དགོས།
༡༧༽ བོད་མི་བཙན་བྱོལ་བ་གང་ཞིག་གིས་རྒྱ་གར་གཞུང་ནས་སྩལ་བའི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ཡོད་བཞིན་ཐོག་རྒྱལ་ཁབ་གཞན་གྱི་མི་སེར་ལག་ཁྱེར་མཉམ་ཉར་གནང་ན་ཁྲིམས་འགལ་ཡིན་པ་བཅས་གོང་གསལ་དོན་ཚན་ཁག་ལ་ཚང་མས་ཐུགས་སྣང་ངེས་པར་གནང་གལ་ཆེ་བའི་གསལ་བསྒྲགས་སུ། བདེ་སྲུང་ལས་ཁུངས་ནས་ ༢༠༡༣ ཟླ་ ༥ ཚེས་ ༨ ལ།།