༢༠༡༣ ཟླ་ ༥ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། རྒྱ་ནག་གཞུང་གིས་ ༡༩༩༠ དང་ ༢༠༡༢ ལོ། དེ་བཞིན་འདི་ལོ་བཅས་སྔ་ཕྱི་ཐེངས་མང་པོར་བོད་ཤར་ཕྱོགས་ཁམས་ནགས་ཤོད་འབྲི་རུ་རྫོང་དུ་ཡོད་པའི་གནས་རི་གྲགས་ཅན་ནགས་ལྷ་ཛམ་བྷ་ལར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་བརྩམས་མོད། ས་གནས་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་དྲག་པོ་བྱས་པར་བརྟེན་ད་བར་བཀག་སྡོམ་བྱེད་ཐུབ་པ་བྱུང་ཡོད།
ཕྱི་ཟླ་ ༥ ཚེས་ ༢༤ ཉིན་ཁམས་ནགས་ཤོད་འབྲི་རུ་རྫོང་དུ་ཡོད་པའི་གནས་རི་གྲགས་ཅན་ནགས་ལྷ་ཛམ་བྷ་ལར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་བརྩམས་པར་བརྟེན། འབྲི་རུ་ས་ཁུལ་རྒྱལ་ཤོད་པད་དཀར་ཁུལ་དང་། ནགས་ཤོད་ཕུ་མདའ་བར་གསུམ་གྱི་ཡུལ་མི། དེ་བཞིན་རྩ་ལ་ཤང་ཚུན་བཞིན་འབྲི་རུ་བ་བཅས་ཁྱོན་མི་མང་གྲངས་ ༤༥༠༠ ལྷག་དང་མོ་ཊ་ ༡༠༠༠ ལྷག་བསླེབས་ཏེ་གནས་རི་དེ་ནས་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱེད་པར་ནགས་ལྷའི་ཉེ་འགྲམ་ཟླ་ཐང་ཤང་དུ་འཛོམས་ཡོད་འདུག
ཕྱི་ཚེས་ ༢༥ ཉིན་རྒྱ་གཞུང་གི་དམག་མིའི་མོ་ཊ་ཆེ་ཆུང་ལྔ་བཅུ་ལྷག་མི་མང་འདུ་འཛོམས་བྱས་སར་སླེབས་ནས་དྲག་གནོན་བྱེད་རྩིས་བྱས་ཡོད་འདུག་པས། ས་གནས་མི་མང་དང་དམག་མིའི་བར་གདོང་ཐུག་ཡོང་ཉེའི་ཛ་དྲག་གནས་སྟངས་ཆགས་ཡོད་འདུག རྒྱ་གཞུང་གིས་གཏེར་ཁ་བསྔོག་འདོན་བྱེད་འཆར་གྱི་གྲ་སྒྲིག་ཨང་གསར་བྱས་ཡོད་འདུག་ཀྱང་། ས་གནས་མང་ཚོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱུང་རྐྱེན། ལམ་བཟོ་བ་དང་། གློག་བསྒྱུར་ས་ཚིགས་འཛུགས་སྐྲུན་གྱིས་ས་གནས་མང་ཚོགས་ལ་ཕན་བདེ་སྒྲུབ་རྒྱུའི་འཆར་གཞི་ཡོད་སྐོར་སོགས་མི་བདེན་རྫུན་སྒྲིག་གི་གསལ་བསྒྲགས་བྱས་འདུག
ས་གནས་མང་ཚོགས་ཀྱིས་ནགས་ལྷའི་ཕྱོགས་ལ་གཏེར་ཁ་སྔོག་འདོན་མི་ཆོག་པའི་ཁར། འགྲོ་ལམ་བཟོ་བ་དང་། གློག་འཕྲིན་གཏོང་ལེན་ལྕགས་སྡོང་འཛུགས་པ། གློག་བསྒྱུར་ས་ཚུགས་བསྐྲུན་པ་སོགས་མི་བྱེད་པའི་རེ་བ་ཞུས་པ་བཞིན། འབྲི་རུ་རྫོང་གིས་དེ་དོན་ཁས་ལེན་བྱས་པའི་ཁུལ་གྱི་གསལ་བསྒྲགས་ཞིག་ཀྱང་བཀྲམ་འདུག དེ་བཞིན་འབྲི་རུ་རྫོང་བོམ་འཕན་ཤང་གཡམ་འཕའ་གྲོང་ནས་ཡིན་པའི་མགོན་པོ་དང་ཨ་བུ་གཉིས་དེའི་སྐབས་ངོ་རྒོལ་བྱེད་པར་ཡོང་བའི་ལམ་བར་དུ་རི་གཟར་དུ་མོ་ཊ་རྒྱལ་རྐྱེན་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཡང་ཐོན་ཡོད།
སྤྱིར་ད་ལྟའི་ཆར་དབྱར་རྩ་དགུན་འབུ་བརྐོ་བའི་དུས་ཚོད་ཡིན་ཡང་འབྲི་རུ་མི་མང་གི་སོ་སོའི་ཡོང་འབབ་ཀྱི་ལས་དོན་བློས་གཏོང་བྱས་ཏེ་བོད་ཀྱི་སྤྱི་དོན་ཁོར་ཡུག་སྲུང་སྐྱོབས་ཀྱི་ལས་དོན་ཆེད་མ་སྐུལ་དང་བླངས་ཀྱིས་འཛོམས་ཡོད་པ་རེད། ཅེས་བོད་ནས་མིང་ཤོད་འདོད་མེད་པ་ཞིག་གི་འགྲེལ་བརྗོད་གནང་བྱུང་།
ནགས་ལྷ་ཛམ་བྷ་ལ་ནི་འབྲི་རུའི་ལུང་པ་དེའི་མི་རྣམས་ལ་ཁ་འཛིན་གདོང་གྲོགས་བྱེད་མཁན་གྱི་ལྷ་ཞིག་གནས་པའི་རི་ཡིན་པ་ཐུན་མོང་ཐོག་གཅིག་གྱུར་གྱི་ངོས་འཛིན་དང་གསོལ་མཆོད་བྱེད་ཀྱི་ཡོད་པ་མ་ཟད། གཏེར་རྫས་ཀྱི་ཕྱུག་པའི་བོད་གངས་ཅན་གྱི་གནས་རི་གཞན་དང་མ་འདྲ་བའི་ཁྱད་འཕགས་ཅན་ཞིག་ཀྱང་ཡིན་འདུག