༢༠༡༣ ཟླ་ ༥ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༠ རེས་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཀེན་ཊ་ཀི་ Kentucky མངའ་སྡེའི་གྲོང་ཁྱེར་ལུ་ཡི་སི་ཝིལ་ལེའི་ Louisvilleནང་ཇོ་བོ་རྗེ་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད།དེ་ཡང་ཐོག་མར་༸གོང་ས་མཆོག་གིས་འཛམ་གླིང་ས་ཕྱོགས་གང་སར་ཞི་བདེ་དང་དྲང་བདེན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་དོན་གོང་མཐོར་གཏོང་ཆེད་ལས་འགུལ་བ་གཞོན་སྐྱེས་ཁག་གཅིག་ལ་མཇལ་ཁ་སྩལ། སྐབས་དེར་༸གོང་ས་མཆོག་གིས་ལས་འགུལ་བ་ཚོས་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་པར་ཐུགས་དགྱེས་ཚོར་ཆེན་པོ་མཛད་དེ་ལས་འགུལ་དེར་རྒྱབ་སྐྱོར་ཀྱི་རྣམ་པ་འདོན་གནང་མཛད། ཕྱོགས་མཚུངས་༸གོང་ས་མཆོག་གིས་སྐབས་དེར་ཡེ་ཤུའི་ཆོས་དཔོན་སྐུ་ཞབས་ཇོ་སེབ་ཀུ་ཛི་མཆོག་ Archbishop Joseph Kurtz དང་མཇལ་འཕྲད་མཛད། དེ་ནས་ས་གནས་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་ཏེ་བཀའ་སློབ་སྩལ་དོན།
ང་ཚོ་བཙན་བྱོལ་བ་ཆགས་ནས་ད་ཆ་མི་ལོ་ ༥༤ ཕྱིན་པ་རེད། འོན་ཀྱང་བོད་ནང་གཞིས་བཞུགས་བོད་མི་ས་ཡ་དྲུག་དང་བསྡུར་བ་ཡིན་ན་ང་ཚོ་བཙན་བྱོལ་ནང་བོད་མི་ཧ་ཅང་ཉུང་ཉུང་རེད།
འོན་ཀྱང་ང་ཚོ་རང་དབང་ལུང་པའི་ནང་ཡོད་སྟབས་རང་གི་ཆོས་དང་རིག་གཞུང། དེ་བཞིན་ཐུན་མིན་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུའི་རང་དབང་ཆ་ཚང་ཡོད། དུས་རབས་བདུན་པའི་སྐབས་བོད་དེ་བཞིན་སྟོབས་འབྱོར་མངའ་ཐང་ཧ་ཅང་ཆེན་པོ་ཡིན། འོན་ཀྱང་རིམ་བཞིན་བོད་སིལ་བུར་ཐོར་ནས་ལོ་མང་པོ་ཕྱིན་ཡང་བོད་རིགས་སྤྱི་ལ་ཁྱབ་པའི་སྐད་དང་ཡི་གེ་ཐུན་མིན་ཞིག་ཡོད་པ་དེས་ང་ཚོ་ཚང་མ་གངས་ཅན་པ་ཞེས་གཅིག་འགྱུར་གྱི་འདུ་ཤེས་མུ་མཐུད་གནས་འགྱུར་ཧ་ཅང་ཕན་ཐོགས་བྱུང་ཡོད། འདི་ནི་ང་ཚོས་སྤོབས་པ་བྱེད་འོས་པ་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་༸གོང་ས་མཆོག་གིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཡུམ་ཆོས་ཚོགས་Yum Center ཀྱི་ཚོགས་ཁང་ཆེན་མོའི་ནང་༸ཞབས་སོར་འཁོད་མཚམས་མང་ཚོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས།
དེ་རྗེས་ཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་བཀའ་སློབ་སྩལ་དོན། ངོས་རང་ཐེངས་འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མེའི་ཆོས་འབྲེལ་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཆོས་ཞུ་བ་མི་གྲངས་ ༦༠༠༠ བརྒལ་བར་བྱམས་བརྩེའི་སྐོར་སོགས་ནང་ཆོས་ངོ་སྤྲོད་ཐོག་བཀའ་སློབ་སྩལ་རྗེས་བྱང་ཆུབ་ལམ་སྒྲོན་གྱི་གཞུང་དངོས་སུ་དབུ་འཛུགས་ཀྱི་སྐྱེ་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་གྱི་རྣམ་གཞག་སྐོར་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད། ཆོས་འབྲེལ་གྲུབ་མཚམས་གོ་སྒྲིག་ཚོགས་ཆུང་གི་ཚབ་ཞུས་ཏེ་ཨན་ཝལ་ཊར་Ann Walter མཆོག་གིས་༸གོང་ས་མཆོག་དང་བཀའ་ཆོས་སྦྱིན་བདག་སོགས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང།
དེ་རྗེས་༸གོང་ས་མཆོག་གིས་སླར་ཡང་བཀའ་སློབ་མདོར་ཙམ་ཞིག་སྩལ་དོན། བློ་སྦྱོང་བྱེད་རྒྱུར་དུས་ཚོད་གང་ཙམ་འགོར་རྒྱུ་རེད། ཐོག་མའི་སྐབས་ཏོག་ཙམ་དཀའ་ལས་ཡོད་ཀྱང། རིམ་བཞིན་གོམས་འདྲིས་བསྟེན་ནས་ཕྱིན་པ་ཡིན་ན་ལས་སླ་རུ་འགྲོ་ངེས་རེད། བློ་སྦྱོང་རྒྱུ་དེ་མིག་འཁྲུལ་ཇི་བཞིན་ལམ་སེང་ཡོང་རྒྱུ་རེད་བསམ་པའི་རེ་བ་སྟོང་པ་འཆང་རྒྱུ་མེད། དེར་བཟོད་སྒོམ་དང་ངང་རིང་བྱེད་དགོས། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཇི་སྲིད་ནམ་མཁའ་གནས་པ་དང། འགྲོ་བ་དེ་སྲིད་གནས་གྱུར་གཅིག། དེ་སྲིད་བདག་ནི་གནས་གྱུར་ཏེ། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་གསུངས་པ་རྣམས་སེམས་ལ་དྲན་དགོས། ཞེས་བཀའ་སློབ་སྩལ།