༢༠༡༣ ཟླ་ ༥་ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ལུ་སི་ཡ་ན་ Louisiana མངའ་སྡེའི་གྲོང་ཁྱེར་ནིའུ་ཨོར་ལེན་སི་ New Orleansནང་ཆིབས་སྒྱུར་གྱིས་ཐོག་མར་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་ཡོད། དེ་ཡང་ཐོག་མར་༸གོང་ས་མཆོག་གིས་གསར་འགོད་པ་ཚོར་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་འདིར་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང། ཁུལ་འདིར་ཉེ་ལམ་རླུང་ཚུབ་ཀྱི་གོད་ཆག་ཕོག་པར་ངོས་ལ་ཧ་ཅང་བློ་ཕམ་ཡོད། དེ་བཞིན་བདུན་ཕྲག་སྔོན་མའི་ནང་གནས་ཚུལ་ཐབས་སྡུག་འོག་གོད་ཆག་ཕོག་པའི་ཤུལ་ལུས་ནང་མི་རྣམས་ལ་ངོས་ཀྱིས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ངོས་རང་གསར་འགོད་པ་དང་ཐུག་འཕྲད་ནམ་བྱུང་སྐབས་གནས་ཚུལ་གཙོ་གནད་འགའ་ཤས་ཤོད་བཞིན་ཡོད། དང་པོ་ནི་ནང་གི་བཟང་པོའི་རིན་ཐང་གོང་མཐོར་བཏང་བ་བརྒྱུད་དོན་དམ་གྱི་བདེ་སྐྱིད་བསྐྲུན་ཐབས་བྱ་རྒྱུ་དང། གཉིས་པ་ནི་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་སོགས་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་གསར་འགོད་པ་གཅིག་གིས་ཆོས་ལུགས་མང་པོ་ཞིག་ཡོད་ཀྱང་ཆོས་ལུགས་དེ་དག་གིས་མི་ཕན་ཚུན་འཆམ་མཐུན་དང་མཛའ་བརྩེའི་འབྲེལ་ལམ་གོང་མཐོར་གཏོང་རྒྱུའི་ཚབ་ཏུ་འཁོན་འཛིན་དང་ཆགས་སྡང་དབྱེན་དཀྲུག་ཆེ་རུ་བཏང་སྟེ་རྙོག་གཞི་ལྟ་བུ་ཡོད་པ་དེའི་རྒྱུ་མཚན་གང་ཡི་སྐོར་དྲི་བ་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། དེ་འདྲ་རྩ་བ་ནས་མ་རེད། འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཕལ་མོ་ཆེས་བྱམས་བརྩེའི་བསམ་པ་གོང་འཕེལ་གཏོང་བཞིན་པ་མ་ཟད། དཀའ་ངལ་འཕྲད་སྐབས་བཟོད་བསྲན་ཐོག་ནས་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་དགོས་པ་གསུང་བཞིན་ཡོད། ཅེས་བཀའ་ལན་སྩལ།
དེ་ཡང་ཉིན་དེའི་སྔ་དྲོ་ཐོག་མར་༸གོང་ས་མཆོག་གིས་བགྲོ་གླེང་ཚོགས་འདུར་ལྷན་བཞུགས་མཛད་ཡོད་པ་དང་། བགློ་གླེང་ལྷན་ཚོགས་དབུ་འཛུགས་སྐབས་ཐོག་མར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་ཚོ། ཁྱེད་ཚོས་དེ་རིང་འདིར་སྐད་ཆ་ཤོད་མཁན་དེ་གང་ཟག་ཁྱད་པར་བ་ཞིག་རེད་བསམ་པ་ནམ་ཡང་དྲན་རྒྱུ་མེད། ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཆགས་ཡོད། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད་པ་མ་ཟད། བདེ་བ་སྒྲུབ་རྒྱུར་ང་ཚོར་ཐོབ་ཐང་ཡང་ཡོད། ང་ཚོ་འགྲོ་བ་མི་རིགས་གཅིག་པ་ཡིན་པའི་གནས་སྟངས་དེར་སྣང་མེད་དུ་བཞག་ནས་ང་ཚོ་ཕན་ཚུན་དབར་མི་མཐུན་པའི་གནས་སྟངས་ལྟར་གནང་ཙམ་ལ་བདེན་ཞེན་ཤུགས་ཆེར་འཛིན་ནས་ཕྱིན་པ་ཡིན་ན། རྙོག་ཕྲ་ཡོང་རྒྱུ་རང་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་སྦྲགས། དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་དམག་ཆེན་ཤོར་བའི་གོད་ཆག་འོག་མི་འབོར་ས་ཡ་ཉི་བརྒྱ་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང། དཀའ་ངལ་འཕྲད་སྐབས་སྙིང་སྟོབས་དགོས། སྙིང་སྟོབས་དེས་སེམས་ནང་སྤོབས་པ་སྐྱེ་རྒྱུ་དང། སྤོབས་པ་ཡོད་ན་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་གདོང་ལེན་བྱེད་ཐུབ། དེ་འདྲ་མིན་པར་གལ་ཏེ་ཞེ་སྣང་དང་དངངས་ཚབ་འོག་ཅི་བྱ་རྟོལ་མེད་ཏུ་གྱུར་བ་ཡིན་ན། སེམས་བག་ཡོད་ཚུལ་ལྡན་ངང་གནས་མ་ཐུབ་པར་བསམ་བློ་མི་མཐུན་པའི་ཕྱོགས་སུ་འགྲོ་ཉེན་ཡོད། ང་ཚོར་དཀའ་ངལ་མ་འཕྲད་པའི་ངེས་པ་གང་ཡང་མེད། དཀའ་ངལ་འཕྲད་སྐབས་དངུལ་གྱིས་དཀའ་ངལ་སེལ་མི་ཐུབ། དཀའ་ངལ་སེལ་བར་སྙིང་སྟོབས་དགོས། ཅེས་བཀའ་སློབ་སྩལ།
སྐབས་དེར་ཀླད་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་རི་ཆི་ཌེ་ཝི་ཌི་སན་ Richie Davidson མཆོག་གིས་གསུང་དོན།
༸གོང་ས་མཆོག་གིས་ཤེས་ཡོན་གལ་ཆེ་ཡིན་སྐོར་བཀའ་སློབ་སྩོལ་བཞིན་ཡོད། ཕྲུ་གུ་ཆུང་དུས་བྱམས་བརྩེའི་ཉམས་མྱོང་ཡོད་པར་བརྟེན་བྱམས་བརྩེའི་སྐོར་གོ་རྟོགས་སྤེལ་རྒྱུ་ཧ་ཅང་ཕན་ཐོག་ཡོད་པ་ར་སྤྲོད་ཐུབ་བཞིན་ཡོད། དཔེར་ན་ང་ཚོས་སྐད་བརྡ་གོ་སྤྲོད་ཐུབ་རྒྱུར་སྤྱི་ཚོགས་ཤིག་ལ་རྟེན་དགོས་པ་ལྟར་བྱམས་བརྩེའི་བསམ་པ་གོང་འཕེལ་གཏོང་རྒྱུར་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པའི་ཁོར་ཡུག་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས། ཕྱོགས་མཚུངས་སྐབས་དེར་སྒོམ་རྒྱག་རྒྱུའི་ལོ་ཚད་ག་ཚོད་ཡིན་ནམ། ཞེས་དྲི་བ་ཞུས་པར་༸གོང་ས་མཆོག་གིས་སྐུ་ཉིད་མཆོག་དགུང་གྲངས་ ༡༤།༡༥ ཙམ་ནས་སྒོམ་ལ་སྦྱང་པ་མཛད་ཚུལ་བཀའ་སྩལ། བགྲོ་གླེང་གྲུབ་རྗེས་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་མི་ཆི་ལེན་ཌིར་ཡོ་ Mitch Landrieu མཆོག་དང་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོན་ལེ་ཝི་སི་John Lewis མཆོག དེ་བཞིན་ཡེ་ཤུ་དང་ཧིན་སྡུ། སིཀ ནང་པ་སོགས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་འཐུས་མི་རྣམས་དང་ལྷན་ཉིན་དགུང་ལྗགས་སྨིན་དགྱེས་བཞེས་མཛད། ཉིན་རྒྱབ་༸གོང་ས་མཆོག་གིས་ཀོན་ཝེན་ཤན་ཚོགས་ཁང་ཆེན་མོའི་ནང་མི་གྲངས་ ༤༠༠༠ བརྒལ་བར་བྱམས་བརྩེ་བརྒྱུད་སྙིང་སྟོབས་གོང་འཕེལ་གཏོང་ཕྱོགས་སྐོར་བཀའ་སློབ་སྩལ་ཡོད།།
༸གོང་ས་མཆོག་གིས་བྱམས་བརྩེ་བརྒྱུད་སྙིང་སྟོབས་གོང་འཕེལ་གཏོང་ཕྱོགས་སྐོར་བཀའ་སློབ་སྩལ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ལུ་སི་ཡ་ན་ Louisiana མངའ་སྡེའི་གྲོང་ཁྱེར་ནིའུ་ཨོར་ལེན་སི་ New Orleansནང་གི་ཀོན་ཝེ་ཤན་ཚོགས་ཁང་ཆེན་མོའི་ནང་མི་གྲངས་ ༤༠༠༠ བརྒལ་བར་བྱམས་བརྩེ་བརྒྱུད་སྙིང་སྟོབས་གོང་འཕེལ་གཏོང་ཕྱོགས་སྐོར་བཀའ་སློབ་སྩལ་ཡོད། དེ་ཡང་ཐོག་མར་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་མི་ཆི་ལེན་ཌིར་ཡོ་ (Mitch Landrieu) མཆོག་གིས་མང་ཚོགས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་པ་དང་སྦྲགས། གྲོང་ཁྱེར་གྱི་སྡེ་མིག་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་སྐྱེ་སྐབས་ཉི་ཧོང་གིས་རྒྱ་ནག་དབང་སྒྱུར་བྱས་ཡོད། ཡུ་རོབ་ནང་ན་ཛི་ Nazi དབང་ཤུགས་རྒྱས་བཞིན་པ་དང་ཨུ་རུ་སུའུ་ནང་སི་ཏ་ལིང་གིས་དབང་ཤུགས་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་ཤིག་ཡིན། དེ་ནས་འཛམ་གླིང་དམག་ཆེན་གཉིས་པ་དང་ཀོ་རི་ཡེ་དང་ཝི་ཏི་ནམ་དམག་འཁྲུག་སོགས་བྱུང་བ་མ་ཟད། རྒྱ་ནག་ནང་འཁྲུག་ཧ་ཅང་ཤུགས་ཆེ་བྱུང་བའི་དུས་སྐབས་ཤིག་ཀྱང་ཆགས་ཡོད། དམག་འཁྲུག་དེ་དག་འོག་མི་གྲངས་ས་ཡ་ ༢༠༠ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་སྐོར་བརྗོད་བཞིན་ཡོད། དྲག་གཅོད་དེ་དག་ལ་རྟེན་ནས་དེང་སྐབས་འཛམ་གླིང་ནང་ཕྲན་བུ་ཞི་བདེ་ལྷིང་འཇག་བྱུང་ཡོད་ན་མི་གྲངས་ས་ཡ་མང་པོ་དེ་དག་ཤི་ན་ཡང་ཤི་དགོས་ཆོད་པ་ཞིག་ལ་ངོས་འཛིན་བྱེད་ཆོག་ཀྱང། དེ་འདྲའི་གནས་སྟངས་ཤིག་གཏན་ནས་མེད། དེང་སྐབས་འཛམ་གླིང་ནང་དབུལ་ཕྱུག་དབར་གྱི་བར་ཁྱད་ཧ་ཅང་ཆེ་བས་དཀའ་ངལ་འཕྲད་བཞིན་ཡོད་པ་ནི་བཟང་སྤྱོད་དང་ཡོངས་སུ་བརྒལ་བ་ཙམ་མ་ཟད། དོན་དངོས་ཐོག་ནོར་འཁྲུལ་རེད། གནས་སྟངས་དེས་ཕྱུག་བདག་རྣམས་དངངས་དཀྲག་དང་དབུལ་ཕོངས་རྣམས་སེམས་ཁྲལ་ཁོ་ནའི་ཐོག་ནས་མི་ཚེ་སྐྱལ་དགོས་པ་ཆགས་ཡོད། གནས་སྟངས་དེ་འདྲའི་འོག་ལམ་སེང་འཚེ་བའི་ལས་ལ་འཇུག་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ང་ཚོས་དབུལ་ཕྱུག་དབར་གྱི་བར་ཁྱད་ཇེ་ཆུང་དུ་གཏོང་ཐབས་བྱེད་དགོས། དེ་འདྲ་ཞིག་མ་བྱུང་བར་ལ་ལར་མཐུན་རྐྱེན་ཧ་ཅང་ཡོད་ཀྱང་ལ་ལར་ལྟོ་གྲོད་པ་གང་ཟ་རྒྱུ་མེད་པའི་གནས་སྟངས་སུ་ལུས་ན་དྲང་ལྡན་རྩ་བ་ནས་མིན། ང་ཚོས་དུས་རབས་འདིའི་ནང་འཛམ་གླིང་སྔར་བས་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐབས་བྱེད་དགོས། དེ་འདྲ་ཞིག་ཡོང་བར་གཙོ་བོ་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་ཕན་ཚུན་གྲོས་མོལ་ལམ་ནས་སེལ་ཐབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་ནང་ཡོད་པར་བརྟེན། ང་ཚོ་དང་ཁོ་ཚོ་ཞེས་རང་རྒྱལ་གཞན་ཕམ་གྱི་གནས་སྟངས་ཐོག་འདུ་ཤེས་འཛིན་རྒྱུའི་དུས་ཚོད་དེ་ད་ཆ་ཡོལ་ཚར་བ་རེད། དེར་བརྟེན་ང་ཚོས་འགྲོ་བ་མིའི་ཁྱིམ་ཚང་ཞེས་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་འདུ་ཤེས་འཛིན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རང་དོན་གཤའ་མ་ཞིག་བསྒྲུབ་དགོས་ན་གཞན་གྱི་བདེ་དོན་ལ་བསམ་བློ་གཏོང་དགོས། དེ་བཞིན་གོ་ལ་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་ལྟས་པ་ཡིན་ན། དཔལ་འབྱོར་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ང་ཚོའི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད། དཀའ་ལ་དེ་དག་ང་ཚོས་མཉམ་རུབ་ཐོག་ནས་སེལ་ཐབས་བྱེད་དགོས། དཀའ་ངལ་དེ་དག་ང་ཚོས་དང་བླངས་ཐོག་ནས་སེལ་ཐབས་བྱེད་དགོས། རང་དོན་ཟེར་བ་ཞིག་མི་སུ་ལའང་ཡོད་ཆོག འོན་ཀྱང་རང་དོན་དེ་ཐབས་མཁས་པོ་ཞིག་དང་དངོས་ཡོད་གནས་སྟངས་དང་རན་པོ་ཞིག་གི་ཐོག་ནས་བསྒྲུབ་དགོས་པ་ལས། ལྐུག་པ་དང་མིག་རྒྱང་ཐུང་ངུའི་རང་དོན་བསྒྲུབ་སྟངས་དེ་འདྲ་བྱེད་རྒྱུ་མེད། བྱམས་པ་དང་བརྩེ་བ། བཟོད་བསྲན་བརྗོད་སྐབས་ཆོས་ཀྱི་སྐད་ཆ་རེད་བསམ་ནམ་ཡང་མ་དྲན་རོགས། རིན་ཐང་དེ་དག་འགྲོ་བ་མིའི་རིགས་ཀྱི་མི་ཚེའི་ནང་གི་ཆ་ཤས་ཤིག་ཡིན། བྱམས་བརྩེའི་བསམ་པ་བརྒྱུད་ང་ཚོར་གདེང་ཚོད་ཡོང་གི་ཡོད། གདེང་ཚོད་དེས་སེམས་ནང་སྤོབས་པ་དང། སྤོབས་པ་ཡོད་ན་སྙིང་སྟོབས་ཡོང་རྒྱུ་ཡིན། དེ་འདྲ་བྱུང་ན་ལས་དོན་གང་དང་གང་བྱས་ཀྱང་སྦ་གསང་མེད་པར་ཕྱི་གསལ་ནང་གསལ་ཐོག་ནས་བྱེད་ཐུབ། ཐབས་ལམ་དེ་དག་ལག་བསྟར་བྱས་པ་བརྒྱུད་ང་ཚོས་དུས་རབས་འདི་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ། ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན། མང་ཚོགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་སྩལ་ཡོད།།