༢༠༡༣ ཟླ་ ༥ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཨ་རིའི་ནུབ་བྱང་མངའ་སྡེ་ཨོར་གན་(Oregon) གྲོང་ཁྱེར་ (Portland) པོར་ཊི་ལན་ཌེའི་ནང་རྟེན་གཞི་བྱས་པའི་པོར་ཊི་ལན་ཌེའི་གཙུག་ལག་སློབ་གཉེར་ཁང་(University of Portland ) དང་ (Maitripa College, a Portland-area Tibetan Buddhist college ) པོར་ཊི་ལན་ཌེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་གོ་སྒྲིག་ཞུས་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༩ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་མི་སྣ་ལྷན་འཛོམས་ཀྱིས་ཆོས་དད་དང་ཁོར་ཡུག་སྐོར་ལ་བགྲོ་གླེང་གི་ཚོགས་འདུ་ཞིག་བསྐྱངས་ཡོད།
ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༼ཀུན་ཁྱབ་འགན་ཁུར་དང་ནང་སེམས་ཀྱི་ཁོར་ཡུག་༽ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་འདི་གར་ཡོང་ནས་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། སྤྱིར་བཏང་འཛམ་གླིང་གི་འགྱུར་ལྡོག་ཐོག་ནས་གོ་ལའི་རྣམ་པར་འགྱུར་ལྡོག་འགྲོ་གི་ཡོད། འོན་ཀྱང་ང་ཚོ་མིའི་འདོད་རྔམ་གྱིས་རྐྱེན་པས་རང་འབྱུང་གི་ཐོན་སྐྱེད་ཚད་ལས་བརྒལ་བ་བེད་སྤྱོད་བཏང་བར་བརྟེན་ནས་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད། དེར་བརྟེན་ང་ཚོ་འགྲོ་བ་མིས་རང་འབྱུང་གི་ཐོན་སྐྱེད་རྣམས་བེད་སྤྱོད་ཚད་རན་པོ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་ང་ཚོ་མི་རེ་ངོ་རེས་ནས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་འགན་ཆེ་ཙམ་ལེན་དགོས། དེ་ལྟར་བྱེད་ཐུབ་ཚེ་གོ་ལའི་ཁོར་ཡུག་འགྱུར་ལྡོག་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེ་བཞིན་ཆོས་ལུགས་ཕན་ཚུན་དབར་གུས་ཞབས་དང་མཐུན་སྒྲིལ་ཡོང་ཐབས་བྱེད་དགོས། དེང་དུས་འཛམ་གླིང་འདིའི་ནང་འཕྲུལ་རིག་ཡར་རྒྱས་ལ་བརྟེན་ནས་ཟླ་བའི་གོ་ལ་དང་སྐར་མ་སོགས་ནང་འགྲོ་ཐུབ་ཀྱི་ཡོད། འོན་ཀྱང་དེའི་ནང་ཡུན་རིང་འཚོ་ཐབས་བྱེད་རྒྱུ་ནི་ཤིན་ཏུ་ནས་དཀའ་ལས་ཁག་པོ་རེད། མདོར་ན། ང་ཚོ་ས་ལ་གོ་ལ་འདིའི་ནང་གནས་དགོས་པ་ལས་གཞན་ཞིག་ཏུ་འགྲོ་ཡུལ་གཏན་ནས་མེད། དེར་བརྟེན་ང་ཚོས་རང་ཉིད་གནས་ཡུལ་གྱི་སའི་གོ་ལ་འདིར་སྲུང་སྐྱོབ་དང་བདག་གཅེས་བྱེད་རྒྱུ་ང་ཚོ་མི་རེ་ངོ་རེའི་ལས་འགན་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།