༢༠༡༣ ཟླ་ ༥ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༥ རེས་གཟའ་ཉི་མའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཨ་རིར་མཛད་འཕྲིན་ཆེད་ཆིབས་སྒྱུར་བསྐྱངས་སྐབས་དད་ལྡན་མང་ཚོགས་རྣམ་པས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད།
དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་དང་སྟོན་འཁོར་ལྷན་རྒྱས་གོང་ཚེས་ཉིན་བཞུགས་སྒར་ཕོ་བྲང་ནས་ཕེབས་འགྲོ་བརྒྱུད་གྷ་གལ་གནམ་ཐང་དང་དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད། དེ་ནས་ལྡི་ལི་ནས་མཁལ་ལམ་བརྒྱུད་ (Maryland) མར་རི་ལན་ཌེར་ཆིབས་སྒྱུར་གྱི་༸ཞབས་སོར་འཁོད་རྗེས་ཕྱི་ཚེས་ ༧ ཉིན་ཨ་རིའི་རྒྱལ་སའི་ཉེ་འཁྲིས་སུ་གནས་པའི་ (Maryland) མར་རི་ལན་ཌེ་མེ་རི་མངའ་སྡེའི་ནང་མར་རི་ལན་ཌེ་མེ་རི་སློབ་གྲྭ་ཆེན་མོར་ཆིབས་སྒྱུར་གྱིས་སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག་དང་མང་ཚོགས་ལ་ཞི་བདེ་དང་སྙིང་རྗེ་བརྒྱུད་ནས་ཞི་བདེ་ཐོབ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང། ཉིན་རྒྱབ་ཁ་ཆེའི་ (Sufis) ཆོས་ལུགས་ཀྱི་མི་སྣ་དང་མཇལ་འཕྲད་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༩ ཉིན་ཨ་རིའི་གྲོང་ཁྱེར་པོར་ཊི་ལན་ཌིའི་སློབ་གྲྭ་ཆེན་མོའི་ནང་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་ལྷན་འཛོམས་ཀྱིས་ཁོར་ཡུག་གནད་དོན་སྐོར་གྱི་ལྷན་ཚོགས་ཐོག་ལྷན་ཞུགས་མཛད་རྒྱུ་དང་། ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་ནང་སེམས་གཙང་མ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༡༠ ཉིན་ (Eugene) ཡུ་ཇིན་གྲོང་ཁྱེར་དུ་ཆིབས་སྒྱུར་གྱིས་ཨོར་གན་གཙུག་ལག་སློབ་གྲྭ་དང་བསམ་གཏན་ཆོས་གླིང་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། གོ་ལའི་སྤྱི་ཚོགས་དེ་བཞིན་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་སྐྲུན་ཐབས་སྐོར་ལ་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༡ ཉིན་མི་ཊིར་པ་གཙུག་ལག་སློབ་གྲྭས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཁོར་ཡུག་གི་ཆེ་མཐོའི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱང་སྟེ་སྙིང་རྗེ་དང་གོ་ལའི་ཁོར་ཡུག་གི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་མེ་ཌི་སན་ས་གནས་ནང་མང་ཚོགས་ལ་རྟེན་འབྲེལ་བསྟོད་པའི་གསུང་ཆོས་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༥ ཉིན་ཝི་སི་ཀོན་སིན་ (Wisconsin )གཙུག་ལག་སློབ་གཉེར་ཁང་ནང་ལ་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་རྒྱུ་དང། ཕྱི་ཚེས་ ༡༧ ཉིན་ནིའུ་ཨོར་ལིན་ས་གནས་ནང་ཡོད་པའི་ (Tulane) གཙུག་ལག་སློབ་གྲྭས་གཙོ་སྐྱོང་གནང་བའི་སེམས་ཀྱི་སྡུག་བསྔལ་བྱམས་བརྩེ་དང་སྙིང་རྗེའི་ལམ་ནས་སེལ་ཐབས་ཞེས་པའི་བརྗོད་གཞིའི་བགྲོ་གླེང་ལྷན་ཚོགས་ཐོག་ལྷན་ཞུགས་དང་། དེ་ཉིན་ས་གནས་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ནས་ ༢༡ བར་(Kentucky) ཀི་ན་ཊ་ཀའི་ (Louisville) ནང་བྱམས་སྙིང་རྗེའི་སྐོར་ལ་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག
མགོན་པོ་གང་ཉིད་མཆོག་གིས་ཕྱི་ཚེས་ ༧ ནས་དབུ་འཛུགས་ཀྱིས་ཚེས་ ༢༡ བར་ཨ་རིའི་མངའ་སྡེ་ཆེ་ཁག་ལྔའི་ནང་མཛད་འཕྲིན་རྒྱ་ཆེ་བསྐྱང་འཆར་ཡོད་འདུག་པ་བཅས། །