༢༠༡༣ ཟླ་ ༥ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཨ་རིའི་ཕྱི་སྲིད་ལས་ཁུངས་ US State Department ཀྱིས་ལོ་ལྟར་འཛམ་གླིང་གི་ས་ཕྱོགས་གང་སའི་རྒྱལ་ཁབ་འདྲ་མིན་གྱི་ཆོས་དད་རང་དབང་གི་གནས་སྟངས་སོགས་ལ་རྟོགས་ཞིབ་གནང་སྟེ་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་གི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་དེ་བཞིན་
ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༠ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་ (John Kerry) མཆོག་དབུ་བཞུགས་ཐོག་ཡོངས་གྲགས་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་སྙན་ཐོའི་ནང་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པའི་ཁར། དེ་བཞིན་སྤྱི་ཚོགས་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པའི་ར་སྤྲོད་གནང་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐོག རྒྱ་གཞུང་དཔོན་རིགས་ཚོས་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་གི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཐེ་བྱུས་བྱས་ཏེ་དགེ་བཙུན་རྣམས་ཀྱི་འགྲོ་སྡོད་དཔྱོད་གསུམ་ལ་འགོག་རྐྱེན་ཆེན་པོ་བཟོ་བཞིན་ཡོད་སྐོར་འཁོད་དོན།
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་ལོ་འཁོར་མར་དྲག་གནོན་བྱེད་བཞིན་ཡོད་པ་མ་ཟད། ཆོས་ཕྱོགས་དང་ཆབ་སྲིད་ཀྱི་དུས་དྲན་གལ་ཆེའི་ཉིན་དམིགས་བསལ་དམ་བསྒྲགས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ནང་ཆོས་ལ་དད་པ་བྱེད་རྒྱུའི་ཆོས་དད་རང་དབང་ཐོག་ཐེ་བྱུས་བྱས་པ་འདིས་བོད་མི་ཚོར་དཀའ་ངལ་མུ་མཐུད་བཟོ་བཞིན་ཡོད། དེར་བརྟེན་སྔ་ལོའི་ནང་བོད་མི་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད།
དེ་བཞིན་སྤྱི་ཚོགས་ཀྱི་གནས་སྟངས་ཆ་ནས་ཀྱང་བོད་མི་རྣམས་ལ་ལས་ཀའི་གོ་སྐབས་དང། མགྲོན་ཁང་ནང་ཁང་པ་གཡར་རྒྱུ། དེ་བཞིན་ཚོང་ལས་སོགས་གང་ཅིའི་ཐོག་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཇེ་མང་འཐོན་བཞིན་ཡོད། བོད་པའི་དགེ་བཙུན་རྣམས་ཀྱི་འགྲོ་སྡོད་ཐོག་རྒྱ་མིའི་ཉེན་རྟོག་པས་གང་བྱུང་བསྔོག་བཤེར་དང་སུན་གཙེར་བཟོ་བཞིན་ཡོད། དེར་བརྟེན་ཁོང་རྣམས་གྲྭ་ཆས་མ་གྱོན་པར་སྐྱ་ཆས་གྱོན་ཏེ་འགྲོ་དགོས་པའི་གནས་སྟངས་ཆགས་ཡོད། ཅེས་འཁོད་པ་དང།
གཞན་ཡང་སྙན་ཐོ་དེའི་ནང་འཁོད་དོན། ཨ་རིའི་གཞུང་ནས་རྒྱ་ནག་གཞུང་གི་དཔོན་རིགས་ཆེ་འབྲིང་ཆུང་གསུམ་ལ་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་པ་དང་། བོད་མི་རྣམས་ལ་སོ་སོའི་ཆོས་ལུགས་ཉམས་ལེན་བྱ་རྒྱུ་དང་། དེ་བཞིན་ནང་ཆོས་སློབ་གཉེར་བྱེད་རྒྱུའི་རང་དབང་སྤྲོད་དགོས་པའི་འབོད་སྐུལ་རབ་དང་རིམ་པ་ཞུས་ཡོད་པ་མ་ཟད། བོད་ཀྱི་གནད་དོན་སེལ་ཆེད་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ་དང་ལྷན་དོན་ཕན་ལྡན་པའི་གྲོས་མོལ་ཞུ་དགོས། ཞེས་འཁོད་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང། སྐད་ཡིག་སོགས་ཀྱི་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པའི་དགོས་འདུན་ཡང་བཏོན་ཡོད། མཐར་སྙན་ཐོ་དེའི་ནང་ཨ་རིའི་གཞུང་ནས་ཕྱི་ལོ་ ༢༠༡༡ ཟླ་བ་ ༥ ནང་ཨ་རི་གཞུང་གི་སྐུ་ཚབ་མི་སྣ་བོད་རང་སྐྱོང་ལྗོངས་ཁུལ་དུ་བསྐྱོད་ཐུབ་ཡོད་ཀྱང། དུས་དེ་ནས་བཟུང་ད་བར་ཨ་རི་གཞུང་གི་རྟོགས་ཞིབ་མི་སྣ་བོད་ནང་བསྐྱོད་རྒྱུར་ཆོག་མཆན་ཐེངས་བཅུ་ཙམ་ཞུས་ཡོད་ཀྱང་རྒྱ་གཞུང་གིས་ཆོག་མཆན་གཅིག་ཀྱང་སྤྲད་མེད། ཅེས་འཁོད་ཡོད་འདུག