༢༠༡༣ ཟླ་ ༥ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༥ ཉིན་ (The Hill) ཞེས་པའི་ཨ་རིའི་གྲོས་ཚོགས་ཀྱི་གསར་འཕྲིན་བརྒྱུད་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་ནས་བོད་དོན་ཐོག་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་སྐྱོང་ཡོང་བའི་འབོད་སྐུལ་གྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་འཁོད་དོན། ངས་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གཞུང་དང་མི་དམངས་ནས་ད་བར་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དང་དོ་སྣང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཆེད་ང་ཚོར་ཨ་རིའི་གྲོས་ཚོགས་ནས་མུ་མཐུད་རྒྱབ་སྐྱོར་དང་རོགས་མགོན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པར་བརྟེན། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་ནས་བོད་ཀྱི་གནད་དོན་སྐོར་ལ་ཉན་ཞིབ་ཚོགས་འདུ་ཞིག་སྐོང་ཚོགས་གནང་རྒྱུའི་རེ་འདུན་ཞུ་རྒྱུ་ཡིན།
སྤྱིར་བཏང་ཕྱི་ལོ་ ༢༠༠༩ ནས་འགོ་འཛུགས་ཀྱིས་ད་ལྟར་བར་བོད་ཀྱི་བདེན་དོན་ཆེད་གཞིས་ལུས་བོད་མི་ ༡༡༧ ནས་རང་ལུས་མེར་སྲེག་གི་ལམ་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་ཡོད་པའི་ཁོངས་ནས་མང་པོ་ཞིག་འདས་གྲོངས་སུ་གྱུར་བའི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད། ཁོང་རྣམ་པའི་མངོན་འདོད་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་དུ་གདན་འདྲེན་ཞུས་དགོས་པ་དང་། བོད་མིར་རང་དབང་དགོས་པ་གཉིས་ཡིན། དེར་བརྟེན་ཨ་རིའི་གྲོས་ཚོགས་ངོས་ནས་རྒྱ་བོད་དབར་འབྲེལ་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་ཞི་བའི་ཐོག་ནས་སེལ་རྒྱུར་མཐུན་རྐྱེན་སྔར་ལྷག་བསྐྲུན་ཐབས་གནང་རོགས་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལངས་ཕྱོགས་བཟུང་དང་འཛིན་བཞིན་ཡོད་པ་མ་ཟད། བོད་མི་སྒྲིག་འཛུགས་ངོས་ནས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་བརྩིས་ཐོག་ག་དུས་ཡིན་རུང་རྒྱ་ནག་གཞུང་དང་ལྷན་འབྲེལ་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད། ཅེས་སོགས་གསུངས་ཡོད། །