༢༠༡༣ ཟླ་ ༥ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༩ ཉིན་འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་མི་བཟད་པའི་དབང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་རྗེས་སུ་བོད་མི་འབུམ་ལ་ཉེ་བ་ཞིག་ཁྱིམ་མཚེས་རྒྱ་གར་ཡུལ་དུ་བཙན་བྱོལ་ལ་ཡོང་དགོས་བྱུང་བའི་སྐབས། རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་ཕུགས་རྒྱང་རིང་པོའི་དགོངས་བཞེས་བླ་མེད་ཀྱི་ཡང་དག་པའི་ལམ་སྟོན་འོག་བོད་མི་རྣམས་འཕྲལ་སེལ་འཚོ་བ་འཁྱོལ་ཙམ་གྱི་ཆེད་དུ་ཡུལ་གྲུ་གང་སར་ཁ་ཐོར་དུ་མ་བཏང་བར་འཕྲལ་ཕུགས་ཀྱི་དགོས་པ་དུ་མའི་སླད་དུ་བོད་མི་ཕོན་ཆེ་མཉམ་སྡོད་ཐུབ་པའི་གཞིས་ཆགས་ཁག་གསར་འཛུགས་ཀྱིས་ཕལ་ཆེ་བ་ས་ཞིང་སོ་ནམ་ལ་བརྟེན་པ་མཛད་ཅིང༌། སྐབས་དེ་དུས་རྒྱ་གར་དབུས་ས་གཞུང་མང་གིས་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་བོད་མི་སྐྱབས་བཅོལ་བར་གཞིས་ཆགས་དང་ས་ཞིང་སོགས་ཀྱི་མཐུན་རྐྱེན་ཕངས་མེད་སྦྱར་སྤྲོད་གནང་ཏེ་ད་ཆ་མི་ལོ་ ༥༠ བརྒལ་བའི་དུས་ཡུན་ལའང་བོད་མིའི་དཔལ་ཡོན་དང༌། ལེགས་བྱང་མི་ཉམས་གོང་མཐོར་འཕེལ་བཞིན་པ་དེ་ལྟར་ནའང༌། བོད་མི་རིགས་ཀྱི་བདེན་དོན་ཇི་སྲིད་མ་གསལ་དེ་སྲིད་དུ་མུ་མཐུད་རྒྱུན་གནས་ཐུབ་ཐབས་སུ་ད་ལྟའི་གཞིས་སྒར་ཁག་སྲ་བརྟན་བཟོ་རྒྱུའི་ལས་དོན་འདི་ལས་གལ་འགངས་དང་ཛ་དྲག་ཆེ་བ་ཞིག་གཞན་གང་ཡང་མ་མཐོང་ཞིང་།
བཙན་བྱོལ་བོད་མི་བརྒྱ་ཆ་ ༦༠ ལྷག་སོ་ནམ་གཞིས་སྒར་ཁག་ཏུ་གནས་བཞིན་པར་སོང༌། རྒྱ་གར་དབུས་ས་གཉིས་ནས་ཐོག་མར་ས་ཞིང་གང་གནང་བ་དེ་དག་གི་ཁྲིམས་མཐུན་ཡིག་ཆ་དང་ས་ཁྲ་བཅས་འཐུས་ཚང་ཉར་ཚགས་དང་བོགས་མ་དུས་འགྱངས་ཞུ་དགོས་ཁག་དུས་ཐོག་ཞུ་ཐུབ་དགོས་རྒྱུ་མ་ཚད། ས་ཆའི་རྩ་འཛིན་ཡིག་ཆ་དེ་དག་སྒྲ་མ་ཉམས་འབྲུ་མ་ཆག་པར་བདག་ཉར་ཐུབ་པ་དགོས་རྒྱུ་དེ་བས་གལ་འགངས་ཆེ་བ་དང༌། དོ་བདག་སོ་སོའི་ཞིང་ས་བདག་ཉར་བྱ་རྒྱུ་དེ་ཡང་གཞན་གྱི་མིག་སྣང་མ་མཛེས་པའི་ས་སྟོང་བེད་མེད་བཞག་པ་ལྟ་བུ་མ་ཡིན་པར་སོ་ནམ་འདེབས་ལས་ངེས་པར་དུ་བྱ་དགོས། ཐ་ན་ར་བ་བསྐོར་ནས་འབྲས་ལྡན་དང་འབྲས་མེད་ཤིང་སྣ་འདེབས་འཛུགས་ཚུན་ཆད་ལག་བསྟར་བྱས་ནས་རང་ས་རང་བདག་ཐུབ་པ་ཅིས་ཀྱང་དགོས་གལ་དུས་ཀྱི་དགོས་མཁོར་སྣང་ལ། ད་ལྟ་ནོར་བུ་རང་ལག་ཡོད་དུས་ནོར་བུའི་ནོར་ཉམས་མ་ཆོད་ཟེར་བ་བཞིན་ནམ་ཞིག་ས་ཆ་གཞན་ལ་ཤོར་ཚར་བའི་རྗེས་བོད་མི་རྣམས་རང་བཙན་གཉིས་པ་ཤོར་བ་ལྟ་བུ་གར་འགྲོ་དེར་འགྲོ་མེད་པར་སྐྱབས་མེད་མགོན་མེད་གནས་དགོས་པའི་དུས་གཅིག་ཤར་མི་སྲིད་པ་མིན།
བར་སྐབས་འདས་པའི་ལོ་བཅུ་ཕྲག་གཅིག་ཙམ་ནས་བཟུང་རང་རེའི་སྤྱི་ཚོགས་ནང་འཕོ་འགྱུར་ཆེན་པོ་བྱུང་སྟེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་མཁན་མང་དུ་ཕྱིན་པ་དང༌། ན་གཞོན་ཁོངས་ནས་རྒྱ་གར་གྲོང་ཁྱེར་ཁག་ཏུ་ཁ་འཐོར་གནས་མཁན་ཇེ་མང་འགྲོ་བཞིན་པར་བརྟེན་ཞིང་ས་མང་པོ་ས་སྟོང་བེད་མེད་ལྷག་པའམ། ཕྱི་མིར་བོགས་མ་བཏང་བ་སོགས་མདོར་ན་ཞིང་ལས་བྱེད་མཁན་གྱི་གྲངས་འབོར་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པའི་ཁར། ན་གཞོན་གྱི་འཕྲོས་སོ་སོའི་ཕ་མེས་ཀྱི་ས་ཞིང་གི་ས་མཚམས་ཙམ་ཡང་ངོས་འཛིན་མ་ཐུབ་པ་དང་ཞིང་ཁའི་ནང་སླེབས་མྱོང་མེད་པ་དེ་འདྲ་ཇི་སྙེད་ཅིག་ཡོད་བཟོ་འདུག་པ་དེ་དག་མ་འོངས་གཞིས་ཆགས་ཀྱི་གནས་སྟངས་ཇི་འདྲ་ཞིག་འགྱུར་འོང་སྙམ་པའི་སྔ་ལྟས་ཡིན།
ད་ལྟའི་གནས་ཚང་རྒྱལ་ཁབ་ཀྱི་མི་འབོར་འཕེལ་རིམ་དང་འཛུགས་སྐྲུན་ཡར་རྒྱས། གྲོང་ཁྱེར་རྒྱ་བསྐྱེད། རྗེས་ལུས་མི་རིགས་རྣམས་ས་ཁུག་ནས་གྲོང་གསེབ་དང༌། གྲོང་གསེབ་གྲོང་རྡལ། གྲོང་རྡལ་ནས་གྲོང་ཁྱེར། གྲོང་ཁྱེར་ནས་རྒྱལ་ས་བཅས་ལ་སྤོ་ཤུགས་ཧ་ཅང་མང་པོ་བྱེད་བཞིན་པའི་རྐྱེན་གྱིས་ས་ཆ་མ་འདང་བའི་སྐུ་ངལ་དང་ས་ཆའི་རིན་གོང་ཆེ་འཕར་བཅས་ལ་བརྟེན། བོད་མིའི་གཞིས་ཁག་ཏུ་ས་སྟོང་བེད་མེད་བཞག་པ་དེ་དག་གི་ཐོག་ཧམ་བཟུང་དང་སིམ་འཛུལ་བྱས་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཚད། ས་ཁང་མེད་པའི་ཡུལ་མི་མང་པོའི་བོད་མི་རྣམས་ཀྱི་ས་ཆ་བེད་མེད་བཞག་པ་དེ་དག་ཕྱིར་སློག་དགོས་པའི་རྩོད་གཞི་བྱ་ཡུལ་ལྟ་བུ་ཞིག་ཆགས་བཞིན་ཡོད།
ད་ཆ་གཞིས་ཆགས་ཕལ་ཆེའི་ནང་ས་ཆ་མང་ཉུང་དང་ཆེ་ཆུང་གི་ཁྱད་པར་མ་གཏོགས་ཧམ་བཟུང་མ་ཤོར་བ་མེད་པ་ལྟ་བུ་ཆགས་འདུག་པ་དེ་མུར་སྤྱི་སྤོམ་དུ་མ་བཞག་པར་ས་གནས་ས་ཁང་ཚོགས་ཆུང་གི་སྒྲིག་འཛུགས་སྲ་བརྟན་བཟོས་ཏེ་དུས་ནས་དུས་སུ་བལྟ་རྟོགས་ཞིབ་ནན་དགོས་གལ་དང༌། གཙོ་ཆེ་ཤོས་དོ་བདག་ཞིང་པ་སོ་སོའི་ས་ཞིང་སྟོང་པ་མ་བཞག་པར་རང་ས་རང་འདེབས་ངེས་པར་དུ་བྱ་དགོས། དེ་བཞིན་རྒྱ་གར་དབུས་དང་ས་གཞུང་གཉིས་ནས་བོད་མི་སྐྱབས་བཅོལ་བའི་ཆེད་དུ་ས་ཆ་བོགས་མ་གནང་བ་དེ་དག་དུས་ནམ་ཞིག་བོད་ཀྱི་བདེན་མཐའ་གསལ་ཏེ་ཕྱིར་ལོག་དགོས་པའི་དུས་གཅིག་ཤར་སྐབས་བཀྲིན་རྗེས་དྲན་དང་བཅས་ཆ་ཚང་རུག་རུག་ཕྱིར་འབུལ་དགོས་པར་བརྟེན་བོགས་ལེན་ས་ཞིང་དེ་དག་བདག་གཅེས་ཚུལ་བཞིན་བྱ་དགོས་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཆགས་ཡོད།
བར་སྐབས་ལོ་མང་རིང་ཨོ་རི་ས་ཕུན་ཚོགས་གླིང་གི་ས་ཆའི་བོགས་དུས་གཙང་སྟེ་བསྐྱར་གསོ་མ་ཐུབ་པའི་གནས་སྟངས་འོག་ཕྱི་ལོ་ ༢༠༡༢ ལོར་གཞིས་ཆགས་ཉེ་འཁོར་ཡུལ་མི་ཁག་གཅིག་གིས་བོད་མིའི་ས་ཞིང་ཡུལ་མིར་ཕྱིར་འབུལ་དགོས་རྒྱུའི་ཆབ་སྲིད་ཀྱི་འབོད་སྒྲ་ཞིག་ཆེད་བཟོས་ཀྱིས་ས་ཞིང་འདེབས་ལས་བྱེད་མ་བཅུག་པར་དཀའ་ངལ་ཆེན་པོ་བྱུང་བ་འདིར་སྐབས་སུ་བབ་པའི་དཔེ་མཚོན་ཙམ་བགྲང་ན། སྤྱི་ནོར་ྋགོང་ས་ྋ་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༠ ལོའི་ནང་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་ལ་བཀའ་གྲོས་གནང་སྟེ་མངའ་སྡེ་གཞུང་སོ་སོར་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་འཛུགས་སྐྲུན་ཆེད་ས་ཞིང་གནང་སྐྱོང་ཡོང་བའི་འབོད་སྐུལ་མཛད་དོན་བཞིན། ཨོ་རི་ས་མངའ་གཞུང་ནས་བོད་མི་སྐྱབས་བཅོལ་བ་གྲངས་ ༢༤༧༩ ཙམ་གྱི་ཆེད་ས་ཞིང་ཨེ་ཀར་ ༢༢༥༠ ཙམ་བཀྲིན་ཆེ་གནང་གིས་ཕྱི་ལོ་ ༡༩༦༣ ལོར་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཕྱག་བཏབ་གནང་མཛད་ཅིང༌། དེ་ནས་བཟུང་ས་ཞིང་བོགས་མའི་ངོ་བོར་ལོ་ངོ་ ༡༠ ནས ༢༠ རེ་མཚམས་མངའ་སྡེ་གཞུང་ནས་བོགས་དུས་འཕར་འགྱངས་ཞུ་དགོས་ཀྱང་ཕྱི་ལོ་ ༡༩༩༥ ནས་ ༢༠༠༨ བར་འཕར་འགྱངས་དུས་ཐོག་ཞུ་ལུས་འགྱུར་འདུག གང་ལྟར་བར་ལམ་འདས་པའི་ལོ་ཤས་ནང་དབུས་ས་གཉིས་ནས་མངའ་སྡེ་གཞུང་ལ་ཞུ་བསྐུལ་གྱི་འབྲེལ་བ་ཟམ་མ་ཆད་པ་གནང་བར་བརྟེན།
ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༣༡ འཁོད་གནས་སྦྲགས་ ༢༠༠༨་་༢༠༡༨ བར་ལོ་ ༡༠ རིང་སྤྱི་ཡོངས་གི་བོགས་དུས་བསྐྱར་གསོའི་བཀའ་འཁྲོལ་བྱུང་ཡོད། འོན་ཀྱང་ས་གནས་ཡུལ་མི་ཁག་གཅིག་ལ་ཆབ་སྲིད་མི་སྣ་རེ་ཟུང་གིས་བྱུས་ངན་ཤུགས་རྐྱེན་ཐེབས་ཏེ་བོད་མིའི་ཞིང་པའི་མིང་ཐོག་ཁྲིམས་མཐུན་ས་ཐོ་ལག་འཛིན་གནང་རྒྱུར་འགོག་རྐྱེན་བྱུང་འདུག དེ་རྗེས་གོང་གསལ་ཆབ་སྲིད་མི་སྣས་སྣེ་འཁྲིད་འོག་ཕྱི་ལོ་ ༢༠༡༢ ལོར་བོད་མིའི་ཞིང་ས་ནང་ཡུལ་མི་ཁྱུ་ཚོ་འཛོམས་ནས་བཙན་ཤེད་དང་ཧམ་འཛུལ་གྱིས་བོད་མི་རྣམས་རྨོད་སློག་དང་སོན་འདེབས་བྱས་མ་བཅུག་པར་ལོ་དེར་བོད་མིའི་ས་ཞིང་ཡོངས་རྫོགས་ས་སྟོང་བཞག་དགོས་པའི་གནས་ཚུལ་ཐབས་རྡུག་བྱུང་བར་བརྟེན་ནང་སྲིད་དང༌། ས་གནས་འགོ་འཛིན་ལས་ཁང༌། ས་གནས་འཐུས་ཚོགས། མཉམ་འབྲེལ། ས་གནས་ས་ཁང་ཚོགས་ཆུང་བཅས་ཐུན་མོང་ནས་མངའ་གཞུང་དང་ས་གནས་འབྲེལ་ཡོད་དཔོན་རིགས་མཐོ་དམན་བར་གསུམ་ལ་ཛ་དྲག་བཅར་གཏུགས་སྔ་རྗེས་རིམ་བརྒྱུད་ཀྱིས་ས་ཞིང་རྩོད་རྙོག་ཁྲིམས་མཐུན་ཞི་འཇམ་ངང་སེལ་ཐབས་དང་ས་གནས་སུ་ཡུལ་བོད་དབར་འཆམ་མཐུན་འབྲེལ་ལམ་ཡོང་ཐབས་སུ་གལ་གནད་ཆེ་བའི་ཞིང་པའི་ས་ཐོ་ལག་འཛིན་ཡིག་ཆ་འཕྲལ་མར་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་ཞུར།
ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༣༠ ནས་མགོ་འཛུགས་ཀྱིས་རྫོང་ཚབ་ Sub Collector དང༌། Addl. District Magistrate མཆོག་རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་ Tahasildars, Revenue Inspectors དང༌། ཡུལ་མིའི་མགོ་དཔོན། གཞིས་མི་བཅས་པ་ཚང་འཛོམས་ཐོག་གྲོང་སྡེ་ཁག་ལྔའི་གཞིས་མི་དུད་ཁྱིམ་སོ་སོར་ ༢༠༠༨ ནས་ ༢༠༡༨ བར་ལོ་ ༡༠ རིང་འཕྲལ་སེལ་ས་ཐོ་ལག་འཛིན་གྱི་ཡིག་ཆ་བགོས་འགྲེམས་ཞུ་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་གཞིས་ཆགས་ཀྱི་སྤྱི་སའི་ས་ཐོ་ལག་འཛིན་ཡིག་ཆ་གནང་ཕྱོགས་སྐོར་འབྲེལ་ཡོད་ལས་ཁུངས་མཉམ་གོ་བསྡུར་ཞུ་མུས་ཡིན་པ་བཅས།།