༢༠༡༣ ཟླ་ ༥ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོར་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་ཀྱི་ལོ་རྒྱུས་དང་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་པར་རིགས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད།
ཉིན་གཅིག་གི་འགྲེམས་སྟོན་དེར་རྡ་སར་གནས་བསྡོད་བོད་མིས་གཙོས་རྒྱ་གར་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བཅས་ཁྱོན་མི་གྲངས་ ༣༥༠༠ ལྷག་ཙམ་གྱིས་དོ་སྣང་ཆེན་པོས་གཟིགས་ཞིབ་གནང་བ་བརྒྱུད་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད།
དེ་ཡང་ཐེངས་འདིའི་པར་རིགས་འགྲེམས་སྟོན་སྐོར་བོད་མིའི་རང་དབང་གསར་འགོད་པས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་སུ་དྲིས་པར། ཁོང་གིས་ཐེངས་འདིའི་པར་རིགས་འགྲེམས་སྟོན་ནི་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་དང༌། དེ་རིང་ཉིན་མོ་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༦ ལ་སོན་སྐབས་རྒྱ་ནག་གཞུང་གིས་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོ་འཁེལ་ཡོད། དེར་བརྟེན་ཉིན་མོ་འདི་དང་སྟབས་བསྟུན་ནས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བོད་དོན་པར་རིགས་ཀྱི་འགྲེམས་སྟོན་རིན་མེད་ཐོག་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང༌། དེ་ཡང་བོད་མི་ཙམ་མ་ཟད། ཕྱི་རྒྱལ་དང་རྒྱ་གར་གི་ཡུལ་སྐོར་སྤྲོ་འཆམ་པ་མང་དག་གཅིག་རྡ་སར་ཡོང་བཞིན་ཡོད་པར་བརྟེན་ཁོང་རྣམ་པར། བོད་ཅེས་པ་གང་འདྲ་ཞིག་ཡིན་སྐོར་རྒྱལ་རབས་ལོ་རྒྱུས་ཀྱི་གསལ་བཤད་དང༌།
ལྷག་པར་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་རྒྱ་མི་དམར་པོའི་བཙན་དབང་འོག་བོད་ནང་དགོན་སྡེ་གྲངས་ལས་འདས་པ་རྩ་མེད་བཏང་བ་དང། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་རྩ་མེད་བཟོས་དང་བཟོ་བཞིན་པའི་སྐོར་པར་རིགས་ལམ་ནས་གོ་རྟོགས་སྤེལ་རྒྱུར་དམིགས་ཏེ་གོ་སྒྲིག་ཞུས་པ་ཞིག་ཡིན། ད་ཐེངས་འགྲེམས་སྟོན་འདིར་བརྗོད་གཞི་ཁག་མི་འདྲ་བ་གསུམ་གྱི་ཐོག་པར་རིགས་འགྲེམས་སྟོན་ཞུས་ཡོད་པས་དང་པོ་ནི། བོད་ནང་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་ ༡༡༧ ཡིས་རང་ལུས་མེར་བསྲེགས་བཏང་་བ་རྣམས་ཀྱི་མཚན་དང་འདྲ་པར། ཁོང་རྣམ་པའི་འབོད་སྒྲ་དང་རེ་འདུན། མེར་བསྲེགས་གཏོང་དགོས་པའི་རྒྱབ་ལྗོངས་ཀྱི་གནས་བབ་བཅས་ཡིན།
བརྗོད་གཞི་གཉིས་པའི་ནང་བོད་ཀྱི་སྲིད་པ་ཆགས་པ་ནས་རྒྱ་ནག་དམར་པོས་བཙན་དབང་མ་བྱས་བར་གྱི་ལོ་རྒྱུས་པར་རིགས་ལམ་ནས་གསལ་སྟོན་ཞུས་ཡོད། བརྗོད་གཞི་གསུམ་པ་ནི། ༼ཕ་ཡུལ་ཕྱོགས་སུ་རྒྱང་ལྟ་བྱེད་པ༽ ཞེས་པའི་བརྗོད་གཞིའི་ནང་རྒྱ་གཞུང་གིས་བོད་བཙན་དབང་བྱས་པ་ནས་ད་བར་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་སྐོར་པར་རིགས་ལམ་ནས་འགྲེམས་སྟོན་ཞུས་ཡོད་ཅེས་ངོ་སྤྲོད་གནང་ཡོད།།