༢༠༡༣ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །འདི་གར་ཉི་ཧོང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡ ནས་ཚེས་ ༦ བར་ཡུལ་དེའི་དམིགས་བསལ་གུང་གསེང་སྐབས་དང་བསྟུན་བོད་ཀྱི་དུས་སྟོན་ Tibet Festival སྲུང་བརྩི་ཞུས་ཡོད། དུས་སྟོན་སྲུང་བརྩི་ཞུ་ཡུལ་ནི་རྒྱལ་ས་ཊོག་ཁྱོའི་དབུས་སུ་ཆགས་པའི་གྷོ་ཀུ་ཇི་ནང་པའི་ལྷ་ཁང་ Gokokuji Temple གི་རྭ་བའི་ནང་ཡིན་འདུག ཐེངས་འདིར་གྷོ་ཀུ་ཇི་ནང་པའི་དགོན་གྱི་མཁན་རིན་པོ་ཆེ་སྐུ་ཞབས་ཨེ་ཇི་ཨོ་ཀ་མོ་ཊོ་ Eiji Okamoto མཆོག་དང་། མཁན་པོ་གཞོན་པ་སྐུ་ཞབས་ཀོ་བྷ་ཡ་ཤི་ Ven. Kobayashi མཆོག་རྣམ་གཉིས་ཀྱིས་རྒྱབ་སྐྱོར་འོག་དུས་སྟོན་སྲུང་བརྩི་ཞུས་ཡོད། སྤྱིར་ལོ་ལྟར་ཕྱི་ཟླ་ ༥ ཚེས་ ༡ ནས་ ༦ བར་གསེར་གྱི་བདུན་གཅིག་ཅེས་ཉི་ཧོང་ནང་དམིགས་བསལ་གུང་གསེང་གི་ཉིན་མོ་དེ་འཁེལ་ཀྱི་ཡོད། དུས་སྟོན་སྐབས་མི་མང་ཚོས་བོད་མིའི་ཐུན་མིན་ཁ་ཟས་དང་གྱོན་ཆས། དེ་བཞིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་བོད་ཀྱི་སྒྱུ་སྩལ་བཟོ་བཀོད་འདྲ་མིན་འགྲེམས་སྟོན་གོ་སྒྲིག་ཞུས་པ་མ་ཟད། རྒྱ་གར་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོའི་དགོན་པ་ནས་འཆམ་འཁྲབ་སྟོན་གནང་བ་དང། གཞན་ཡང་བོད་ཀྱི་དཔེ་དེབ་འདྲ་མིན་འགྲེམས་སྟོན་གནང་ཡོད།
དུས་སྟོན་སྐབས་ཁྱོན་མི་གྲངས་ ༨༠༠༠༠ ལྷག་འཛོམས་ཡོད་པའི་ཁོངས་ནས་གཞུང་འབྲེལ་མི་སྣ་དང་
ཊོག་ཁྱོར་རྟེན་གཞི་བྱས་པའི་གཞུང་ཚབ་འདྲ་མིན་ཁག་གི་སྐུ་ཚབ་འཐུས་མི་ཁག་སོགས་མཉམ་བཞུགས་གནང་ཡོད། ཕྱོགས་མཚུངས་སྐབས་དེར་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་དང་༸གོང་ས་མཆོག་གི་གསུང་འགྱུར་མ་རི་ཡ་རིན་ཆེན་ལགས་ཀྱིས་བོད་ཀྱི་གནད་དོན་སྤྱི་དང་ལྷག་པར་དེང་སྐབས་བོད་ནང་གི་གནས་སྟངས་སོགས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད། དེ་བཞིན་དུས་སྟོན་སྐབས་རྣམ་གྲྭ་མཁན་ཟུར་སེར་བྱེས་ཧར་གདོང་ཁང་མཚན་གྱི་བྱ་དོར་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཀྱི་རྗེས་གནང་དང་ཁྲོ་བོ་མི་གཡོ་བའི་དབང་སོགས་གནང་ཡོད།
དུས་སྟོན་གྱི་ཉིན་མཐའ་མར་གྷོ་ཀུ་ཇི་ནང་པའི་དགོན་གྱི་མཁན་རིན་པོ་ཆེ་ཨེ་ཇི་ཨོ་ཀ་མོ་ཊོ་མཆོག་གིས་ཐེངས་འདིར་བོད་ཀྱི་དུས་སྟོན་ལ་རྒྱབ་སྐྱོར་ཞུ་ཐུབ་པར་ཁོང་རང་ཉིད་ལ་ཧ་ཅང་འདོད་བློ་ཚིམས་པོ་བྱུང་བ་མ་ཟད། ཉིན་དྲུག་རིང་༸གོང་ས་མཆོག་གི་སྐུ་ཚབ་དོན་ཁང་ལ་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུ་རྒྱུའི་ས་ཆའི་ཁོར་ཡུག་སོགས་ཀྱི་མཐུན་འགྱུར་ཞུ་རྒྱུ་བྱུང་བ་ནི་ལས་དང་འབྲེལ་བ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྐོར་སོགས་གསལ་བཤད་གནང་བ་དང་སྦྲགས། དགོན་པ་དེར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་སྔ་ཕྱིར་ཐེངས་གསུམ་ཙམ་ཆིབས་སྒྱུར་བསྐྱངས་མྱོང་བ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ཉི་ཧོང་ནང་ས་ཡོམ་དང་ཆུ་ལོག དེ་བཞིན་རྡུལ་ཕྲན་གློག་ཁང་ལ་གོད་ཆག་ཕོག་སྟེ་དུག་རླངས་ཁྱབ་བརྡལ་ཕྱིན་ནས་གནོད་འཚེ་ཧ་ཅང་བྱུང་བ་སོགས་ཀྱི་དུས་སྐབས་སུ་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་ཏེ་གོད་ཆག་འོག་རྨས་སྐྱོན་ཕོག་པ་དང་རྐྱེན་འདས་སུ་གྱུར་བ་སོགས་ལ་ཐུགས་སྨོན་སྐྱབས་འཇུག་བརྩེ་བས་གཟིགས་པ་ཆེན་པོ་བསྐྱངས་པ་དེར་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་སྐབས། དེར་འདུས་སྐྱེ་བོ་ཀུན་གྱི་དགའ་བསུ་ཞུས། ཕྱོགས་མཚུངས་སྐབས་དེར་དཀའ་ཆེན་བློ་བཟང་ཤེས་རབ་ལགས་ཀྱིས་ཚོགས་བཅར་བ་རྣམས་དང་མཁན་རིན་པོ་ཆེ་རྣམ་གཉིས། དེ་བཞིན་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་བཅས་སུ་ཐུགས་རྗེ་ཆེ་ཞུས། མཐར་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་མཁན་རིན་པོ་ཆེ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བདུན་གཅིག་གི་བོད་ཀྱི་དུས་སྟོན་ལེགས་པར་མཇུག་སྒྲིལ་ཐུབ་པ་བྱུང་འདུག ་