༢༠༡༣ ཟླ་ ༥ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ་སྡེ་ཁག་ལྔའི་ནང་གི་མཛད་འཕྲིན་ཡོངས་སུ་ལེགས་གྲུབ་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༣ ཉིན་རྡ་སར་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་སྟོན་འཁོར་ལྷན་རྒྱས་དང་བཅས་པ་ཕྱི་ཟླ་ ༥ ཚེས་ ༥ ་ཉིན་བཞུགས་སྒར་ཕོ་བྲང་ནས་ཕེབས་འགྲོ་བརྒྱུད་གྷ་གལ་གནམ་ཐང་དང་དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཏེ། ལྡི་ལི་ནས་མཁལ་ལམ་བརྒྱུད་ཨ་རིའི་མངའ་སྡེ་མེ་རི་ལེན་ཌིར་ (Maryland) ༸ཞབས་སོར་འཁོད་རྗེས། ཕྱི་ཚེས་ ༧ ཉིན་་གྱི་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་༸གོང་ས་མཆོག་གིས་ཁུལ་དེའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ་དགེ་ལས་སློབ་ཕྲུག་དང་མི་དམངས་ཁྱོན་བསྡོམས་ཆིག་ཁྲི་ལྔ་སྟོང་བརྒལ་བར་ཞི་བདེ་བསྐྲུན་ཐབས་དང་འབྲེལ་བའི་སྐོར་བཀའ་སློབ་སྩལ་བ་མ་ཟད། ཕྱེད་ཡོལ་དུ་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་ཆོས་ལུགས་མཐུན་སྒྲིལ་བགྲོ་གླེང་མཛད་ཡོད།
ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་གིས་ཨ་རིའི་ཨོར་གན་ (Oregon) མངའ་སྡེའི་གྲོང་ཁྱེར་པོར་ཊི་ལན་དུ་ (Portland) བོད་རིགས་སློབ་ཕྲུག་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ། ཕྱི་ཚེས་ ༩ ཉིན་ཁུལ་དེར་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་ཤིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་ཆོས་ལུགས་དང་ཁོར་ཡུག་སོགས་སྐོར་བཀའ་སློབ་སྩལ། དེ་རྗེས་ཕྱི་ཚེས་ ༡༠ ཉིན་ཡུ་ཇིན་ (Eugene) གྲོང་ཁྱེར་དུ་ཆིབས་སྒྱུར་གྱིས་ཨོར་གན་ (Oregon) གཙུག་ལག་སློབ་གྲྭ་དང་བསམ་གཏན་ཆོས་གླིང་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། གོ་ལའི་སྤྱི་ཚོགས་དེ་བཞིན་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་སྐྲུན་ཐབས་སྐོར་ལ་མང་ཚོགས་ལ་བཀའ་སློབ་སྩལ། ཕྱི་ཚེས་ ༡༡ ཉིན་མེ་ཏྲི་པ་གཙུག་ལག་སློབ་གྲྭར་ཁོར་ཡུག་ལྷན་ཚོགས་སུ་ཆིབས་བསྒྱུར་གྱིས་སྙིང་རྗེ་དང་གོ་ལའི་ཁོར་ཡུག་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་ཡོད།
ཕྱི་ཚེས་ ༡༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་པོར་ཊི་ལན་ཌེའི་ནུབ་བྱང་བོད་རིགས་རིག་གཞུང་བསྟི་གནས་ཁང་དུ་ཁུལ་དེའི་བོད་རིགས་དང་སོག་རིགས་རྣམས་ལ་བཀའ་སློབ་ཟབ་རྒྱས་སྩལ།
ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་ལ་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་དང་རི་དྭགས་ནགས་ཀྱི་སྐྱེད་མོ་ཚལ་ཞེས་པ་ནང་པའི་བསྟི་གནས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཨ་རིའི་ཝི་སི་ཀོན་སིན་ (Wisconsin ) མངའ་སྡེའི་གྲོང་ཁྱེར་མེ་ཌི་སོན་ནང་རྗེ་གཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་སྩལ་ཡོད་པ་མ་ཟད། ས་གནས་གཞུང་གི་གྲོས་ཚོགས་གོང་འོག་ལྷན་འཛོམས་ཐོག་བཀའ་སློབ་སྩལ་ཡོད། གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་ཝི་སི་ཀོན་སིན་གྱི་སྲིད་སྐྱོང་སི་ཀོ་ཊི་ཝལ་ཊར་ (Scott Walker) མཆོག་དང་ས་གནས་གྲོང་སྡེ་ལྷན་ཁང་གི་ཚོགས་མི་རྣམས་དང་མཇལ་འཕྲད་མཛད། དེ་བཞིན་ཨ་རིའི་ཝི་སི་ཀོན་སིན་མངའ་སྡེའི་གྲོང་ཁྱེར་མེ་ཌི་སོན་ནང་བོད་མི་ ༥༠༠ ལྷག་ཡོད་པ་དང། ཉེ་འཁོར་བོད་མི་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་བོད་ཆོལ་གསུམ་ཆིག་སྒྲིལ་ཞེས་པ་དེ་ང་ཚོའི་སྲོག་བཞིན་རྩ་ཆེ་ཡིན་སྐོར་བཀའ་སློབ་སྩལ་ཡོད།
ཕྱི་ཚེས་ ༡༥ ཉིན་ཝི་སི་ཀོན་སིན་ (Wisconsin )གཙུག་ལག་སློབ་གཉེར་ཁང་ནང་ལ་མཁས་པའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་སྒྱུར་དང། ཕྱི་ཚེས་ ༡༦ ཉིན་བོད་རིགས་དང་རྒྱ་རིགས་སློབ་ཕྲུག་ཁག་གཅིག་ལ་བཀའ་སློབ་སྩལ། ཕྱི་ཚེས་ ༡༧ ཉིན་ནིའུ་ཨོར་ལིན་(New Orleans)ས་གནས་ནང་ཡོད་པའི་ ཏུ་ལེན་(Tulane) གཙུག་ལག་སློབ་གྲྭས་གཙོ་སྐྱོང་གནང་བའི་སེམས་ཀྱི་སྡུག་བསྔལ་བྱམས་བརྩེ་དང་སྙིང་རྗེའི་ལམ་ནས་སེལ་ཐབས། ཞེས་པའི་བརྗོད་གཞིའི་བགྲོ་གླེང་ལྷན་ཚོགས་ཐོག་ལྷན་ཞུགས་མཛད་པ་དང་། དེ་ཉིན་ས་གནས་མང་ཚོགས་ལ་བཀའ་སློབ་སྩལ། ཕྱི་ཚེས་ ༡༨ ཉིན་ཏུ་ལེན་གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་ཐར་སོན་པའི་སློབ་ཕྲུག་རྣམས་ལ་མི་ཚེ་དོན་དང་ལྡན་པ་ཞིག་དགོས་པའི་སྐོར་བཀའ་སློབ་སྩལ་ཡོད།
ཕྱི་ཚེས་ ༡༩ ཉིན་(Kentucky) ཀེན་ཊ་ཀའི་ལུ་ཝི་ལི་ (Louisville) ནང་ཡོད་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ཚོགས་ཀྱི་མཆོད་ཁང་གསར་པ་ལེགས་གྲུབ་བྱུང་བར་ཐུགས་སྨོན་རབ་གནས་བཀའ་དྲིན་བསྐྱངས་བསྟུན། དེར་འདུས་མང་ཚོགས་རྣམས་ལ་བཀའ་སློབ་སྩལ། ཉིན་དགུང་ལྗགས་སྨིན་གྲུབ་མཚམས་ཀེན་ཊ་ཀིའི་ཡམ་ཚོགས་ཁང་ KFC Yum Center དུ་ཆིབས་སྒྱུར་བསྐྱངས་ཏེ། མང་ཚོགས་ ༡༤༠༠༠ བརྒལ་བར་བྱམས་བརྩེའི་ཉམས་ལེན་སྐོར་བཀའ་སློབ་སྩལ།
ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་ཀེན་ཊ་ཀིའི་ཡམ་ཚོགས་ཁང་ནང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་སྩལ། ཕྱི་ཚེས་ ༢༡ ཉིན་མགོན་པོ་གང་ཉིད་མཆོག་གིས་ཝི་ཏི་ནམ་ནང་པའི་དགེ་སློང་དང་སློབ་ཕྲུག་ཁག་གཅིག་ལ་བཀའ་སློབ་སྩལ་རྗེས། ཐེངས་འདིར་བྱང་ཨ་རིའི་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་སྟེ། ཡུ་རོབ་བརྒྱུད་རྒྱ་གར་དུ་ཆིབས་ཞལ་བསྒྱུར་ཡོད།
ཕྱི་ཟླ་ ༥ ཚེས་ ༢༣ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་༸གོང་ས་མཆོག་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་གཞུང་ལམ་གཡས་གཡོན་དུ་དད་ལྡན་མི་མང་བརྒྱ་ཕྲག་མང་པོས་དྲི་སངས་གདུག་སྤོས་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།