༢༠༡༣ ཟླ་ ༥ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༡ ཉིན་བཏང་གནས་ནང་འཁོད་དོན། ཨ་མི་རི་ཀའི་མངའ་སྡེ་ཝི་སི་ཀོན་སིན་གྱི་གྲོང་ཁྱེར་མེ་ཌི་སན་དུ་ཡོད་པའི་བོད་རིགས་སློབ་ཕྲུག་གི་ཚོགས་པ་དང༌། ཨ་རི་སྐུ་ཚབ་དོན་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེའི་རྒྱ་རིགས་སློབ་ཕྲུག་དང༌། ཤེས་ཡོན་ཅན་བརྒྱད་བཅུ་ལྷག་ཙམ་ལ་བཀའ་སློབ་སྩལ་ཡོད་པ་མ་ཟད། རྒྱ་རིགས་ཚོས་༸གོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་དྲི་བ་ཁག་ལ་བཀའ་ལན་ཡང་སྩལ་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་གྲོང་ཁྱེར་མེ་ཌི་སན་ནང་ཡོད་པའི་རི་དྭགས་ནགས་སྐྱེས་མོས་ཚལ་ཞེས་པའི་ཆོས་ཚོགས་སུ་ཝི་སི་ཀོན་སིན་དང༌། ཆི་གྷ་ཀོ་ས་གནས་ཀྱི་རྒྱ་རིགས་སློབ་ཕྲུག་དང༌། ཤེས་ཡོན་ཅན། སློབ་གྲྭའི་དགེ་རྒན་བཅས་ཁྱོན་རྒྱ་རིགས་བརྒྱད་ཅུ་ལྷག་ཙམ་ལ་བཀའ་སློབ་སྩོལ་སྐབས། ཕྱི་ལོ་༡༩༥༤ ལོར་༸གོང་ས་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་སྐབས་མའོ་ཙེ་ཏུང་སོགས་སྐབས་དེའི་རྒྱ་ནག་གི་དབུ་ཁྲིད་དང་ལྷན་དུ་མཇལ་མོལ་མཛད་པའི་ཐུགས་མྱོང་གསུང་གླེང་མཛད་དེ། བོད་རྒྱའི་ཉེ་རབས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་གཟིགས་པ་མ་ཟད།བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་དང་དཀའ་ངལ་ག་རེ་ཡོད་པ། དཔལ་ན་ལེནྡྲའི་ཆོས་བརྒྱུད་ནས་མཆད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་བཟང་པོ་དེ་དག་ནི་འཛམ་གླིང་གི་སྤྱི་ནོར་ལྟ་བུ་ཡིན་ཞིང༌། དེ་ལྟའི་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་བོད་མི་རྣམས་ཀྱི་དམིགས་བསལ་གྱི་ལས་འགན་ཡིན་པ། དེ་ལྟའི་ལས་འགན་སྒྲུབ་ཐབས་སུ་བོད་མི་ཚོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་རང་སྐྱོང་གི་ཐོབ་ཐང་རྣམས་མིང་དོན་མཚུངས་པའི་སྒོ་ནས་བོད་པར་ལོངས་སྤྱོད་བྱེད་རྒྱུ་བྱུང་ན། ལོ་རྒྱུས་ཐོག་གི་ཐོབ་ཐང་རང་བཙན་རྩོད་ལེན་མི་བྱེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བསྡད་ནས་རྒྱ་ནག་དང་ཁ་བྲལ་མི་འགྲོ་བར་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་གི་ཡོད་པ་བཅས་ཀྱི་སྐོར་ལ་བཀའ་སློབ་སྩལ་ཡོད།
དེ་རྗེས་རྒྱ་རིགས་སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་མཛད་སྐབས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་ནང་གི་དབུལ་ཕྱུག་དོམ་སྙོམ་མེད་པའི་གནས་ཚུལ་དང༌། བོད་ནང་ལྐོག་ཟ་རུལ་སུངས་ཀྱི་སྣང་ཚུལ་གནས་བཞིན་ཡོད་པ་འདིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གཏོར་བཤིག་འགྲོ་གི་ཡོད་པའི་སྐོར། རང་ལུས་མེར་སྲེག་གི་གནད་དོན་སོགས་ཀྱི་སྐོར་གསུང་གླེང་མཛད་ཡོད་པ་མ་ཟད། རྒྱ་རིགས་ཤེས་ཡོན་ཅན་དང༌། རྩོམ་པ་པོས་བྲིས་པའི་རང་སྲེག་སྐོར་གྱི་རྩོམ་ཡིག་རྣམས་ལྟ་ཀློག་དགོས་པའི་འབོད་སྐུལ་ཡང་མཛད་ཡོད།
བཀའ་སློབ་དང་བཀའ་ལན་མཇུག་སྒྲིལ་མཚམས་སློབ་ཕྲུག་ཚོའི་འདོད་པ་བཀང་པ་གནང་སྟེ། ཕྱག་དེབ་ལ་མཚན་རྟགས་སྩལ་བ་དང༌། གལ་སྲིད་སློབ་མ་ཚོར་མ་བདེ་བ་མེད་ཚེ་སྐུ་པར་ལྷན་སྒྲོན་དུ་ཆོག་ཅེས་བཀའ་གནང་བར་སློབ་མ་ཚང་མས་ལག་པ་བསྐྱངས་ཏེ་འདོད་པ་ཡོད་པའི་རྣམ་འགྱུར་བསྟན་སྟབས་སྐུ་པར་ལྷན་སྒྲོན་མཛད་ཡོད།
དེ་རྗེས་གལ་སྲིད་ཁྱེད་རང་ཚོར་ད་དུང་དྲི་བ་ཡོད་ཚེ།དུས་ཚོད་ཏོག་ཙམ་ནས་གོ་བསྡུར་བྱས་ན་འགྲིག་གི་རེད་ཅེས་བཀའ་གནང་བ་ལྟར། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཚེ་རྒྱམ་ལགས་དང༌། ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་དྲུང་འཕར་ཀུན་དགའ་བཀྲིས་ལགས་རྣམ་གཉིས་ཀྱིས་རྒྱ་རིགས་ཚོ་དང་མཉམ་དུ་གླེང་མོལ་གནང་ཤིང༌། རྒྱ་རིགས་ཚོའི་དྲི་བ་ཁག་ལ་དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་ལན་འདེབས་དང་འགྲེལ་བརྗོད་གནང་ཡོད།
ཐེངས་འདིར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་རིགས་མཇལ་འཕྲད་གནང་སར་ཉེ་ཆར་རྒྱ་ནག་ནས་སླེབས་པའི་རྒྱ་རིགས་ཁ་ཤས་དང༌། ཐེ་ཝན་ནས་ཡིན་པའི་རྒྱ་རིགས་ཁག་གཅིག་ཀྱང་༸གོང་ས་མཆོག་གི་བཀའ་སློབ་ཉན་པར་བཅར་ཡོད་པ་བཅས།།