༢༠༡༣ ཟླ་ ༥ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ ཉིན་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཀྲིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་ཚོགས་ཆུང་ནས་ཉིན་དྲུག་གི་ལས་འགུལ་མཇུག་བསྒྲིལ་ཞུས་པ་དང་འབྲེལ། གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་གནང། ཞུ་གཏུག་ལས་འགུལ་བ་སྤྱི་འཐུས་གསུམ་ནས་ཨ་སམ་མངའ་སྡེའི་ཆབ་སྲིད་དབུ་ཁྲིད་རྣམ་པ་དང་། གཞུང་ཞབས། མཁས་དབང་ཁག་བཅས་ནས་བོད་དོན་འཐབ་རྩོད་ལ་བཅོས་མིན་གྱི་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཡོང་བ་ཡིག་ངག་གཉིས་ཐོག་ནས་ཞུས་འདུག
མངའ་སྡེའི་སྲིད་སྐྱོང་བཀུར་འོས་སྐུ་ཞབས་ཇེ་བི་པཊ་ན་ཡེག་(Mr.J B.Patnaik)མཆོག་ནས་སྲིད་སྐྱོང་ལས་ཁང་དུ་ཕྱི་ཚེས་ ༡༡ ཉིན་སྣེ་བསུ་གཟབ་རྒྱས་གནང་ཡོད་འདུག ཁོང་ནི་ཨོ་ཌི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྒྱུན་རིང་གནང་མྱོང་བ་དང་བོད་དོན་ཆ་རྒྱུས་གང་ལེགས་ཡོད་མཁན་ཞིག་ཡིན་འདུག ཁོང་ནས་གསུངས་གསལ་དུ། རྒྱ་དམར་གཞུང་གི་དཔོན་རིགས་སེམས་མེད་བེམ་པོ་རྡོ་ལྟ་བུ་དེ་ཚོར་བོད་དོན་ཞུ་འབོད་ཀྱིས་བོད་ཀྱི་ནང་དུ་མུ་མཐུད་ནས་རང་ལུས་མེར་སྲེག་གནང་བཞིན་པ་དེ་བཞིན་མཚམས་འཇོག་དགོས་གནས་དང། རྒྱ་དམར་གཞུང་ནས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དཀའ་གནས། དེ་ལས་བོད་དོན་འཐབ་རྩོད་མུ་མཐུད་གནས་ཐབས་སུ་གསོན་པོར་གནས་རྒྱུ་གལ་གནད་ཆེན་པོ་ཡིན་གནས་གསུངས་འདུག
སྲིད་སྐྱོང་མཆོག་ནས་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་ཐེ་བྱུས་དགོས་སྐོར་གསུངས་པ་ཇི་བཞིན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པྲ་ནབ་ཀུ་མར་གོ་གོའེ་ (Shri Pranab Kumar Gogoi )མཆོག་ནས་ཀྱང་དེ་དོན་གསུངས་འདུག དེ་ཡང་ཁོང་ནས་བོད་དོན་དཀའ་རྙོག་སེལ་རྒྱུའི་ཐད་མཉམ་འདུས་ཀྱི་ནུས་ཤུགས་ཆེ་ཤོས་ཡོད་ས་དེ་མཉམ་འབྲེལ་རྒྱལ་ཚོགས་ཡིན་པས་དེ་ནས་གནང་ཐུབ་རྒྱུ་ལས་རྒྱལ་ཁབ་འདྲ་མིན་སོ་སོར་འབད་བརྩོན་འདྲ་མིན་བྱས་པ་དེས་ནུས་པ་དེ་ཙམ་འཐེབ་རྒྱུ་མེད་གནས་གསུངས་འདུག
མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་གཞོན་པ་སྐུ་ཞབས་བི་མ་ནནྡ་ཏན་ཏི་ (Shri Bhimananda Tanti )མཆོག་ནས་བོད་པའི་འཐབ་རྩོད་དེ་བཞིན་འཚེ་མེད་ཞི་བ་དང་སེམས་ཤུགས་མ་ཆགས་པར་རྒྱུན་མཐུད་གནང་བར་བསྔགས་བརྗོད་གནང་འདུག
མངའ་སྡེ་དེའི་རྒྱལ་སར་ཉིན་དྲུག་གི་ཞུ་གཏུག་གི་ལས་འགུལ་དེར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་མངའ་སྡེའི་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷུ་ཝེ་ནེཤ་ཝར་ཀ་ལི་ཏ་མཆོག (Rajya Sabha MP Shri Bhubaneshwar Kalita) (Congress State President and also observer for the All India Parliamentary Forum for Tibet) དབུས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་མན་དྷེ་ཁ་ (Lok Sabha MP Shri Raman Dekha (BJP) མཆོག དབུས་གྲོས་ཚོགས་འོག་མའི་འཐུས་མི་ལྷ་ལྕམ་བི་ཇོའེ་ཅཀརཝརྟི་ (Lok Sabha MP Smt Bijoy Chakravarty (BJP) མཆོག་དང་།
དེ་བཞིན་མུ་མཐུད་ནས་མངའ་སྡེའི་ནང་གི་ཆབ་སྲིད་ཚོགས་པ་ཀོང་རེ་སི་དང་། བི་ཇེ་པི། ཡུ་ཌི་ཨེབ་དང། ཨེ་ཇི་པི་བཅས་ཚོགས་པ་ཆེ་ཁག་བཞིའི་ཚོགས་གཙོ་ལ་སོགས་དང་། རྒྱ་གར་དམར་ཤོག་ཚོགས་པའི་རྒྱུན་ལས་སྐུ་ཞབས་ཌི་བྷོ་ར་ (D. Bora -Secretariat member of Communist Party of India,CPI) མཆོག་བཅས་མཇལ་འཕྲད་ཀྱིས་ཞུ་གཏུག་ལས་འགུལ་སྤེལ་འདུག
གོང་གསལ་ཚོགས་པ་དེ་དག་ཚང་མས་བོད་དོན་ཐོག་ལངས་ཕྱོགས་གཅིག་གྱུར་ཡིན་པ་དང། གྲོས་ཚོགས་སུ་གྲོས་ཆོད་སླེབས་པ་ཡིན་ན་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག ཨ་སམ་མངའ་སྡེར་གྲོས་ཚོགས་གོང་འོག་གཉིས་སུ་འཐུས་མི་ ༢༡ ཡོད་པ་ལས། གྲོས་ཚོགས་འོག་མར་འཐུས་མི་ ༡༤ དང་། གྲོས་ཚོགས་གོང་མར་འཐུས་མི་ ༧ ཡོད་པ་ལས་གཅིག་ནི་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྷ་མཆོག་ཡིན་པ་དང། ཁོང་གི་ལས་ཡུན་གཙང་ལ་ཉེ་སྟབས་སླར་ཡང་གྲོས་ཚོགས་གོང་མར་བཞེངས་རྒྱུའི་ཆེད་འགེངས་ཤོག་བཀང་བར་ཕྱི་ཚེས་ ༡༥ ཉིན་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཀྲིར་ཕེབས་འབྱོར་གནང་ཡོད་འདུག
ཚོགས་ཆུང་ནས་མངའ་སྡེའི་འཆར་འགོད་དང་ཡར་རྒྱས་བློན་ཆེན་སྐུ་ཞབས་ཏང་ཀ་བྷ་དྷུར་ར་ཡེ་ (Minister for Planning and Development, Shri Tanka Bahadur Rai) མཆོག་དང། དྲིལ་བསྒྲགས་དང་མཐུན་འབྲེལ་བློན་ཆེན་སྐུ་ཞབས་བ་སནྟཱ་དཱས་(Minister for Information and Public Relations, Shri Basanta Das)མཆོག མཉམ་འབྲེལ་དང་ས་མཚམས་ཁུལ་ཡར་རྒྱས་བློན་ཆེན་སྐུ་ཞབས་སི་དྷི་ཀུའི་ཨེཧ་མད་ (Minister for Cooperation and Border areas development, Shri Siddique Ahmed) མཆོག་བཅས་མཇལ་འཕྲད་ཞུས་འདུག་པ་མ་ཟད། མངའ་སྡེའི་གྲོས་ཚོགས་འཐུས་མི་དང་སྤྱི་ཁྱབ་བློན་ཆེན་ཟུར་པ། ཨ་ཇི་པི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པྲ་ཕུ་ལ་ཀུ་མར་མ་ཧན་ཏ་ (MLA Shri Prafulla Kumar Mahanta (former Chief Minister of Assam and now party president of AGP) མཆོག་དང། ཀྱེབ་ཀྲན་རོ་བིན་བྷོར་ཌོ་ལོའེ་ (MLA Captain Robin Bordoloi,INC) མཆོག སྐུ་ཞབས་ཤར་མན་ཨ་ལི་ཨེཧ་མད་ (MLA Shri Sherman Ali Ahmed,AIDUF) མཆོག སྐུ་ཞབས་མ་ནོ་ཝར་ཧུ་སན་ (MLA Shri Monowar Hussain, AIDUF) མཆོག་བཅས་ཀྱང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་འདུག མངའ་སྡེའི་བློན་ཆེན་དང་གྲོས་ཚོགས་འཐུས་མི་ ༡༢༢ མཇལ་འཕྲད་མ་ཐུབ་པར་བརྟེན་དེ་རིགས་ལ་སྦྲག་ལམ་བརྒྱུད་ཞུ་སྙན་རེ་ཕུལ་འདུག
ཞུ་གཏུག་ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི་རྒྱ་གར་གཞུང་དང་མི་མང་གི་རྒྱབ་སྐྱོར་ཡོད་པ་ཇི་བཞིན་རྒྱལ་སྤྱིའི་ནང་རྒྱལ་ཁབ་ཁག་ནས་དངོས་གསལ་དོད་པོའི་ཐོག་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་ལ་སོགས་འཇོག་གནང་མཛད་པ་ལྟར་རྒྱ་གར་གཞུང་ནས་ཀྱང་དེ་དོན་གནང་ལམ་ཡོང་བའི་འབོད་སྐུལ་ཞུ་རྒྱུ་སོགས་རེད་འདུག ཕྱི་ཚེས་ ༡༦ ཉིན་གསར་འགོད་ལྷན་ཚོགས་གནང་སྐབས་གསར་འགོད་པ་ ༤༠ ཕེབས་ནས་གདུང་སེམས་མཉམ་སྐྱེ་ཡོད་པའི་རྣམ་འགྱུར་དང་ཕན་གྲོགས་གང་མང་གནང་ཞིང། ཐུགས་སྣང་ཆེན་པོའི་ཐོག་བཀའ་འདྲི་སྣ་མང་གནང་ཡོད་པ་རེད། བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་དང་པོ་དེ་བཞིན་ནུབ་བྷེང་གོལ་དང། ཨོ་ཌི་ཤཱ། ཆ་ཏིས་སྒར། ཇར་ཁནྜ་བཅས་ཡིན་པ་དང། ཞུ་གཏུག་ཐེངས་གཉིས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་སྤྱི་འཐུས་པདྨ་འབྱུང་གནས་དང། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར། སྤྱི་འཐུས་ཟླ་སྒྲོན་ཤར་གླིང་བཅས་ནས་སི་ཀེམ་མངའ་སྡེ་དང་། ཨ་སམ་ཚར་ནས་ཨ་རུ་ན་ཅལ་དང་། མེ་གྷ་ལ་ཡ་བཅས་ལ་སྐོར་བསྐྱོད་གནང་རྒྱུ་རེད་འདུག