༢༠༡༣ ཟླ་ ༤ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཨོ་སི་ཊོ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་གྱིས་ཨོ་སི་ཊོ་ལི་ཡའི་སྲིད་བློན་ (Julia Gillard) ཇུ་ལི་ཡ་གྷི་ལར་མཆོག་དང་། ཕྱི་སྲིད་བློན་ཆེན་སྦོབ་ཀར་མཆོག་ཕྱི་ཚེས་ ༥ ཉིན་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་སྐབས། རྒྱ་ནག་སྲིད་འཛིན་དང་ལྷན་རྒྱ་ནག་གཞུང་གིས་བོད་ནང་དུ་དམ་བསྒྲགས་སྲིད་བྱུས་སྐོར་གླེང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་ལྟར། ཨོ་སི་ཊོ་ལི་ཡའི་སྲིད་བློན་ཇུ་ལི་ཡ་གྷི་ལར་མཆོག་གིས་ཨོ་སི་ཊོ་ལི་ཡའི་ཨེ་སྦི་སི་རྒྱང་སྲིང་ལས་ཁང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད། རྒྱ་ནག་གི་འགོ་ཁྲིད་ཁག་དང་ཐུག་སྐབས་གྲོས་མོལ་གནང་རྒྱུའི་གྲོས་གཞིའི་ཁོངས་སུ་ཡོད་ལུགས་དང་འབྲེལ་གསུང་དོན། འགྲོ་བ་མིའི་ཐོབ་ཐང་ཐོག་ང་ཚོར་སེམས་འཚབ་ཡོད་པར་བརྟེན། དེའི་ཐོག་ང་ཚོས་མཛུབ་སྟོན་བྱས་དང་བྱེད་མུས་ཡིན། མི་དམངས་ནས་དེའི་དུས་ཀྱི་ཤེས་རྟོགས་བྱུང་བའི་གནས་ཚུལ་ཡོད་ན། དེ་ཡང་གླེང་སློང་བྱ་རྒྱུ་ཡིན། ཨོ་སི་ཊོ་ལ་ཡའི་གཞུང་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་གཙིགས་ཆེར་འཛིན་བཞིན་ཡོད་པ་མ་ཟད། ང་ཚོའི་ཕྱི་སྲིད་ཀྱི་རྣམ་པ་ནི་ཆེས་མངོན་གསལ་དོད་པོ་ཞིག་ཡིན་སྟབས། ང་ཚོས་ཚིག་ཙམ་མིན་པར་ཚད་གཞི་ངེས་ཅན་གྱི་གལ་ཆེར་བཟུང་དང་འཛིན་བཞིན་ཡོད་པའི་རིན་ཐང་དེ་དག་རྒྱ་ནག་གིས་གཙོས་འཛམ་གླིང་ས་ཕྱོགས་གང་སར་གསལ་སྟོན་བྱེད་བཞིན་ཡོད། དེ་བཞིན་ང་ཚོར་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཧ་ཅང་སེམས་འཚབ་ཡོད་པའི་རྣམ་པ་ཡང་གསལ་སྟོན་བྱས་དང་བྱེད་མུས་ཡིན། ཞེས་སོགས་གསུངས་འདུག
སྤྱིར་བཏང་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཇུ་ལི་ཡ་གྷི་ལར་མཆོག་གིས་དབུ་ཁྲིད་པའི་བློན་ཆེན་གསུམ་དང་ཁེ་གཉེར་ལས་ཁང་གི་འགན་འཛིན་བརྒྱ་དང་ལྔ་བཅུ་སྐོར་ལྷན་ཕེབས་གནང་ཡོད་འདུག་པ་བཅས། །
ཨོ་སི་ཊོ་ལི་ཡའི་སྲིད་བློན་ཇུ་ལི་ཡ་གྷི་ལར་མཆོག་གིས་བོད་དོན་གྲོས་གཞིའི་ཁོངས་སུ་ཡོད་ལུགས་གསུངས་པ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)