༢༠༡༣ ཟླ་ ༤ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཨོ་སི་ཊོ་ལི་ཡའི་སྲིད་བློན་ (Julia Gillard) ཇུ་ལི་ཡ་གྷི་ལར་མཆོག་དང་ཕྱག་རོགས་ཕྱི་སྲིད་བློན་ཆེན་སྐུ་ཞབས་བྷོབ་ཁར་ (Bob Carr) མཆོག་གཉིས་ཀྱི་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་གྲུབ་མཚམས་སྐུ་ཞབས་བྷོབ་ཁར་མཆོག་ནས་གསར་ཁང་ཞིག་གི་བཅར་འདྲི་དང་ལེན་སྐབས་གསར་འགོད་པས་འདས་པའི་ལོ་གཉིས་ལྷག་ཙམ་རིང་བོད་ནང་གི་བོད་མི་བརྒྱ་བརྒལ་བས་རང་ལུས་མེར་སྲེག་གི་ལམ་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་ཡོད། དེར་བརྟེན་བོད་ནང་ཞི་བདེ་ལྷིང་འཇགས་ངོས་འཛིན་ཐད་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་འཆར་གཞི་གང་ཡོད་མེད་སྐོར་ཁྱེད་རང་ལ་བརྗོད་ཡོད་དམ་ཞེས་པའི་དྲི་བར་ལན་འདེབས་གནང་དོན།
གནད་དོན་དེའི་ཐོག་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བཀའ་མོལ་གང་ཡང་གནང་མ་སོང། འོན་ཀྱང་ཨོ་སི་ཊོ་ལི་ཡའི་སྲིད་བློན་མཆོག་གིས་སྐབས་དེར་བོད་ཀྱི་གནད་དོན་གླེང་སློང་གནང་ཡོད། སྤྱིར་བཏང་བོད་ཀྱི་གནད་དོན་དེ་བཞིན་ང་ཚོ་ཕྱོགས་གཉིས་ཀྱི་གྲོས་མོལ་ཚང་མའི་གྲོས་གཞིའི་ཁོངས་སུ་ཡོད། རྒྱ་ནག་གཞུང་ནས་བོད་དེ་བཞིན་དེའི་བདག་དབང་འོག་ཏུ་ཡོད་པའི་ས་གནས་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱས་པའི་ལངས་ཕྱོགས་དེ་ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་ཡིན་སྐོར་གསུངས་པ་དང་ལྷན་བོད་མིར་རང་སྲིད་རང་སྐྱོང་བསྐྲུན་རྒྱུའི་གནས་བབ་དེ་ནི་བོད་མིའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ལེགས་ཤོས་ཤིག་ཡིན་སྟབས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱ་ནག་གཞུང་དང་གྲོས་མོལ་སྐབས་བོད་རྒྱ་གཉིས་ཀྱི་གྲོས་མོལ་སླར་གསོ་བརྒྱུད་བོད་མིའི་རང་སྲིད་རང་སྐྱོང་གི་གནས་བབ་བསྐྲུན་དགོས་པའི་འབོད་སྐུལ་ཞུས་དང་ཞུ་མུས་ཡིན། ཞེས་ལན་འདེབས་གནང་འདུག
ཡང་གསར་འགོད་པས། ཨོ་སི་ཊོ་ལི་ཡའི་ངོས་ནས་ད་ཐེངས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་བོད་ནང་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་ཆེད་གཏོང་དགོས་མིན་ཐོག་འབོད་སྐུལ་ཞུས་ཡོད་དམ། ཞེས་པར་ལན་འདེབས་གནང་དོན། གནད་དོན་དེའི་ཐོག་ད་རེས་གྲོས་བསྡུར་གང་ཡང་བྱུང་མེད། འོན་ཀྱང་ང་ཚོའི་ངོས་ནས་བོད་ནང་རྒྱལ་སྤྱིའི་མི་སྣ་གཏོང་ཐབས་སུ་འབད་བརྩོན་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད། པེ་ཅིང་ནང་ཡོད་པའི་ཨོ་སི་ཊོ་ལི་ཡའི་གཞུང་ཚབ་པ་དང་གྲོས་ཚོགས་འཐུས་མི་རྣམས་བོད་དུ་ཆེད་གཏོང་བྱས་ཏེ་ས་གནས་མང་ཚོགས་དང་ཐུག་འཕྲད། དེ་བཞིན་ཨོ་སི་ཊོ་ལི་ཡའི་གཞུང་ཕྱོགས་ནས་ཁུལ་དེའི་ནང་གི་ལས་གཞི་ཁག་གཅིག་ལ་དཔལ་འབྱོར་རོགས་རམ་གནང་བཞིན་པའི་ཐོག་རྟོག་ཞིབ་བྱ་རྒྱུར་འདོད་མོས་ཆེན་པོ་ཡོད། ཅེས་སོགས་ཀྱི་ལན་འདེབས་གནང་འདུག་པ་བཅས། །