༢༠༡༣ ཟླ་ ༤ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཁར་ཊར་ (Jimmy Carter) མཆོག་གིས་རྒྱ་ནག་གཞུང་ནས་བལ་གཞུང་ལ་གནོན་ཤུགས་སྤྲད་རྐྱེན་ཡུལ་དེར་གནས་སྡོད་བྱེད་བཞིན་པའི་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་སྐོར་གསུངས་འདུག
དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་གྲ་སྒྲིག་སོགས་ཀྱི་གནད་དོན་ལ་རྟོག་ཞིབ་ཆེད་ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཁར་ཊར་མཆོག་བལ་ཡུལ་ནང་ཕེབས་འབྱོར་གནང་ཡོད་པ་ལྟར། ཁོང་གིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡ ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མ་གྲུའི་ནང་གསར་འགོད་པ་ཁག་གཅིག་ལ་གསུང་དོན། བོད་ནས་བོད་མི་མང་དག་ཅིག་བལ་ཡུལ་བརྒྱུད་ནས་བྲོས་བྱོལ་དུ་ཡོང་བཞིན་ཡོད། འོན་ཀྱང་ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་ནས་ས་མཚམས་ཁག་ཏུ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་རིགས་སྐྱབས་བཅོལ་བ་འགྲོ་སྐྱོད་བྱེད་རྒྱུར་ཧ་ཅང་དཀའ་ཚེགས་ཆེན་པོ་འཕྲད་བཞིན་ཡོད། སྤྱིར་བཏང་འདས་པའི་ལོ་མང་རིང་བལ་ཡུལ་གྱི་མཐའ་མཚམས་སྲུང་མཁན་དམག་མིས་ས་མཚམས་ནས་བོད་མི་སྐྱབས་བཅོལ་དུ་ཡོང་མཁན་རྣམས་འཛིན་བཟུང་དང་དམ་བསྒྲགས་བྱས་ཡོད་ཀྱང་། མཐར་བལ་ཡུལ་ནང་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་སྣེ་ལེན་ཁང་དུ་རྩིས་སྤྲོད་བྱེད་ཀྱི་ཡོད། འོན་ཀྱང་ལོ་ཤས་གོང་ནས་གནས་སྟངས་དེར་གྱུར་བ་ཕྱིན་ཡོད། དེར་བརྟེན་ངས་བལ་ཡུལ་གཞུང་ནས་རྒྱ་ནག་གཞུང་གིས་གནོན་ཤུགས་འོག་མགོ་སྒུར་རྒྱུ་མེད་པའི་རེ་འདུན་ཞུ་བཞིན་ཡོད། ཅེས་སོགས་གསུངས་འདུག་པ་བཅས། །