༢༠༡༣ ཟླ་ ༤ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༠ རེས་གཟའ་ལྷག་པའི་ཉིན་སུད་སི་གྲོང་ཁྱེར་ཛུ་རིཀ་ཏུ་ཕེབས་འབྱོར་སྐབས་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་རི་ཀོན་དགོན་པའི་མཁན་པོ། དེ་བཞིན་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་གིས་གཙོས་སྤྱི་འཐུས་ཟུར་པ་ཁག་གཅིག་དང་། གཞན་ཡང་ས་གནས་བོད་རིགས་མཐུན་ཚོགས་དང་མང་ཚོགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༡༤ ཉིན་སུད་སི་གྲོང་ཁྱེར་ཕི་རི་བྷག་ (Fribourg)ཏུ་༸གོང་ས་མཆོག་གིས་བོད་རིགས་མང་ཚོགས་རྣམས་ལ་ཆོས་འབྲེལ་སྩལ་རྗེས་ཕྱེད་ཡོལ་དུ་བོད་རིགས་མང་ཚོགས་རྣམས་ལ་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་རྒྱུ་མ་ཟད། ཕྱི་ཚེས་ ༢༠།༢༡ བཅས་ཉིན་གཉིས་རིང་སྲིད་སྐྱོང་མཆོག་གིས་ཡུ་རོབ་བོད་མིའི་འགོ་ཁྲིད་ལྷན་ཚོགས་ (Europe Tibetan President Conference) དང་ཡུ་རོབ་བོད་རིགས་སློབ་དགེ་ལྷན་ཚོགས་ཀྱི་ (Europe Tibetan School Teachers Conference) ཚོགས་མགོན་དུ་ཕེབས་ཏེ་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།