༢༠༡༣ ཟླ་ ༤ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༤ ཉིན་རྒྱབ་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༧ བར་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད། དེ་ཡང་སྤྱི་འཐུས་ཚོགས་གཙོ་མཆོག་ཕྱི་ལོ་ ༢༠༡༣།༤།༢༤ ཕྱི་དྲོ་རྡ་ས་ནས་པ་ཀོར་བརྒྱུད་མེ་འཁོར་ནང་ལྡི་ལིར་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༢༥ དགོང་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ལྡི་ལི་ནས་ཐེ་ཝན་ལ་ཕེབས་ཐོན་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༦ ཉིན་ཐེ་ཝན་དུ་ཕེབས་འབྱོར་དང་སྦྲགས་ཚོགས་འདུར་འབྱོར་ཐོ་བརྒྱབ་སྟེ། ཕྱི་ཚེས་ ༢༧ ནས་ ༣༠ བར་ Eight Inter Ethnic Leadership Conference ཚོགས་འདུར་མཉམ་ཞུགས་གནང་རྒྱུ་མ་ཟད་གཏམ་བཤད་ཀྱང་གནང་རྒྱུ་དང། དེ་རྗེས་ཕྱི་ཚེས་ ༣༠ ཕྱེད་ཡོལ་ཆུ་ཚོད་ ༤།༠༠ ཐོག་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Hsiao Bi-Khim དང་། དེ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཐོག་ Legislative Yuan Taiwan ཡི་ཚོགས་གཙོ་སྐུ་ཞབས་ཝང་ཇིང་པིང་ Wang Jing Ping མཆོག་དང་ལྷན་དུ་ལྷན་ཚོགས་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་ཕྱེད་ཡོལ་ཆུ་ཚོད་ ༦།༣༠ ཐོག་ཚོགས་ཆེན་གོ་སྒྲིག་པས་ཚོགས་གཙོ་མཆོག་ལ་གསོལ་ཚིགས་འབུལ་ལམ་ཞུ་རྒྱུ་དང་།
དེ་རྗེས་ཕྱི་ལོ་ ༢༠༡༣།༥།༡ སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྔ་དྲོ་ཐེ་ཝན་གྲོང་སྡེ་ལྷན་ཚོགས་སུ་འཚམས་གཟིགས་དང་སྦྲགས་དེ་གའི་ལྷན་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ Chen Yu-Yen མཉམ་གསོལ་ཚིགས་ལྷན་བཞེས་གནང་རྒྱུ་ཡིན་འདུག ཉིན་རྒྱབ་ཧོང་ཀོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་ཀྱི་ལྷན་ཚོགས་སུ་ཕེབས་རྒྱུ་དང། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ Zheng Nan Rong Foundation ལ་འཚམས་གཟིགས་གནང་རྗེས་གངས་ལྗོངས་དཔར་སྐྲུན་ཁང་ Gangjong Publication གྱི་ལས་བྱེད་དང་ཐུག་འཕྲད་གནང་རྒྱུ་མ་ཟད། ཉིན་གུང་ཐེ་ཝན་རྒྱ་བོད་ཚོགས་པས་ཚོགས་གཙོ་མཆོག་ལ་གསོལ་ཚིགས་གོ་སྒྲིག་ཞུ་རྒྱུ་ཡིན་འདུག
ཉིན་རྒྱབ་ཚོགས་གཙོ་མཆོག་གིས་ཐེ་ཝན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་ལྷན་ཚོགས་འདུ་འཚོགས་རྒྱུ་མ་ཟད། དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ་ཡིན་འདུག ཕྱོགས་མཚུངས་ཕྱི་ཚེས་ ༣ ཉིན་ཐེ་ཝན་ནང་ཡོད་པའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ International Association of Tibetan Buddhist Dharma ཀྱི་ཚོགས་འདུར་མཉམ་བཞུགས་གནང་རྒྱུ་དང་། དེ་རྗེས་སུ་ཐེ་ཝན་ Tibetan Buddhism Web TV ཚོགས་པའི་འཐུས་མི་མཉམ་ཚོགས་འདུ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༤ སྤྱི་འཐུས་ཚོགས་གཙོ་མཆོག་གིས་གཞུང་འབྲེལ་ལས་དོན་གཞན་གྱི་ཆེད་ཕེབས་འཐོན་གནང་རྗེས་ཕྱི་ཚེས་ ༥ ཉིན་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་ཐེ་ཝན་ནས་ཕེབས་ཐོན་གནང་སྟེ་ལྡི་ལིར་དགོང་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།