༢༠༡༣ ཟླ་ ༤ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་ལུ་གྷ་རར་ཆོས་འབྲེལ་ཉིན་མཐའ་མར་དད་ལྡན་ཆོས་ཞུ་བ་ ༣༠༠༠༠ བརྒལ་བ་རྣམས་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་གྲུབ་མཚམས་བཀའ་སློབ་ཕེབས་དོན།
འདིར་ཀ་རྡོར་ཁུལ་དང་། འབྲས་ལྗོངས་སོགས་སུ་བོད་མི་བཙན་བྱོལ་བ་གང་ཙམ་ཡོད། བོད་རིགས་ཕ་མེས་དུས་ནས་འདི་ཁུལ་དུ་གཞིས་ཆགས་ཡོད་པ་རྣམས་ལ་རྒྱ་གར་ཁམས་པ་ཞེས་བརྗོད་ཀྱི་རེད། དུས་ཚོད་སྔ་ཕྱི་ཙམ་མ་གཏོགས་བོད་མིའི་ཤ་ཁྲག་རུས་གསུམ་ལས་སྐྱེས་པ་གཅིག་པ་རེད། ང་ཡང་བོད་མི་བཙན་བྱོལ་བ་ཆགས་ཡོད། ལོ་གཉིས་ཀྱི་གོང་ཙམ་ནས་ངས་རྒྱལ་སྲིད་ཀྱི་ལས་འགན་དགོངས་པ་ཞུས་ཏེ་ང་རང་སྒེར་རྒས་ཡོལ་བྱས་པ་ཙམ་དུ་མ་ཟད། ༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་བཟུང་ལོ་བཞི་བརྒྱར་ཉེ་བའི་རིང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བའི་ལམ་སྲོལ་ཞིག་ཡོད་པ་དེ་ཡང་མཇུག་བསྡུས་པ་ཡིན། དེ་དག་དེའི་ཚེ་དེའི་དུས་ལ་ཕན་ཐོགས་བྱུང་ཡོད་ཀྱང་ད་ཆ་དུས་ཚོད་ཡོལ་བ་རེད། ངས་དེ་སྔོན་ནས་མ་འོངས་པར་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་རྗེས་ངས་འགན་ཁུར་རྒྱུ་ཡོང་གི་མ་རེད་ཅེས་བཤད་ཡོད། དེ་ཙམ་དུ་མ་ཟད་༸རྒྱལ་དབང་གི་སྒྲིག་འཛུགས་ཤིག་ཡོད་པ་དེའང་གནས་དང་མ་གནས་དང་། དགོས་དང་མི་དགོས་དེའི་ཚེ་དེའི་དུས་ཀྱི་འབྲེལ་ཡོད་མི་མང་ཚོས་ཐག་གཅོད་བྱེད་ཀྱི་རེད་ཅེས་ཕྱི་ལོ་དྲུག་ཅུ་རེ་དགུ་ལོ་ཙམ་ནས་བཤད་ཡོད། འདས་པའི་ལོ་བཅུ་གཉིས་ཙམ་གྱི་གོང་སྟེ། ཕྱི་ལོ་ ༢༠༠༡ ལོར་ང་ཚོའི་ཆབ་སྲིད་ཀྱི་མགོ་ཁྲིད་དེ་མི་མང་གིས་འོས་འདེམས་བྱས་ཏེ་བསྐོས་པ་རེད། དེ་ནས་བཟུང་ངའི་གནས་སྟངས་ནི་ཕྱེད་རྒས་ཡོལ་ཐོག་བསྡད་ཡོད།
དེ་ནས་ལོ་གཉིས་ཙམ་གྱི་གོང་དུ་བཀའ་བློན་ཁྲི་པ་འོས་བསྡུ་བྱེད་སྐབས་ཡུལ་ལུང་འདྲ་མིན་ནང་ཡོད་པའི་བོད་མི་ཚོས་དོ་སྣང་ཆེན་པོ་བྱས་ཏེ་ཁུར་ཡག་པོ་བླངས་པར་བརྟེན། དུས་ལ་བབས་པར་མཐོང་སྟེ་རྒས་ཡོལ་ཆ་ཚང་བྱས་པ་ཡིན། དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་ཀྱི་འགན་འཁུར་བླང་རྒྱུ་མཇུག་བསྡུས་ཏེ་བོད་པའི་བཤད་སྲོལ་བཞིན་སྐལ་བཟང་ལུགས་བཟང་དང་། བཀྲ་ཤིས་ལུགས་ལེགས་ཀྱི་སྒོ་ནས་མཇུག་བསྡུས་པ་ཡིན། དེ་ཡང་དབང་མེད་ཀྱིས་མཇུག་བསྡུས་པ་མ་ཡིན་པར་དགའ་བཞིན་སྤྲོ་བཞིན་མ་བསྐུལ་དང་བླངས་ཀྱིས་མཇུག་བསྡུས་པ་ཡིན། ངའི་ངོ་ཤེས་རྒྱ་གར་གྱི་དཔོན་རིགས་དང་། ཨ་རིའི་དཔོན་རིགས་སོགས་ཚང་མས་ངས་ཐག་གཅོད་བྱས་པ་འདི་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག ཐོག་མར་ང་རང་ཚོ་བོད་རིགས་ནང་གློ་བུར་མ་བདེ་བ་བྱུང་ཡོད་ཀྱང་དགོས་པ་རྒྱུ་མཚན་འགྲེལ་བཤད་བྱས་རྗེས་ཚང་མས་མོས་པ་བྱེད་ཀྱི་འདུག ད་ལྟ་ང་ཚོའི་རང་དབང་འཐབ་རྩོད་བྱེད་སྟངས་དངོས་གནས་མང་གཙོའི་ལམ་ལ་འགྲོ་གི་ཡོད་པས་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད་ལ། འཛམ་གླིང་ཕྱོགས་གང་ས་ནས་རྒྱབ་སྐྱོར་བྱེད་རྒྱུའི་གོ་སྐབས་ཀྱང་ལེགས་སུ་འགྲོ་གི་ཡོད། ལམ་ལུགས་རྙིང་པ་ཁྱི་རྒན་རུས་བཟུང་བྱས་ཏེ་མ་བསྡད་པར་དུས་ཚོད་དང་མཐུན་པའི་ལག་ལེན་བྱས་པར་བརྟེན་དགེ་མཚན་ཆེན་པོ་བྱུང་ཡོད། ངས་ཐག་གཅོད་འདི་ལྟར་བྱས་པ་འདི་ང་སེམས་ཤུགས་ཆག་པ་དང་། བོད་ཀྱི་སྤྱི་དོན་རེ་བ་བརླག་ནས་བཞག་པ་གཏན་ནས་མིན། དེའི་ཐད་ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱེད་བརྗོད་རྒྱུ་གཅིག་ཡིན།
དེ་ནས་བོད་ཀྱི་འཐབ་རྩོད་འདི་མི་རེ་ཟུང་གི་དོན་དག་མིན་པར་བོད་རྒྱ་ཆེའི་མི་མང་གི་བདེན་དོན་འཐབ་རྩོད་ཅིག་ཡིན་པར་བརྟེན་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་རེད། ངས་སྔོན་མ་ནས་ང་ནི་གཞིས་ལུས་བོད་རྒྱ་ཆེའི་མང་ཚོགས་ཀྱི་རང་དབང་གི་གཏམ་བརྗོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་ཡོད། ང་རང་གཞིས་ལུས་རྒྱ་ཆེའི་མང་ཚོགས་ལ་བཀའ་གཏོང་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། གཞིས་ལུས་རྒྱ་ཆེའི་མི་མང་ལ་འདོད་པ་གང་ཞིག་ཡོད་པ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་གང་འདྲ་ཡིན་པ་གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་འདུན་བཅས་འགྲེལ་བཤད་བྱེད་རྒྱུ་ངའི་ལས་འགན་ཡིན། གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ད་ལྟ་བར་དུ་སེམས་ཤུགས་དང་སྙིང་སྟོབས་ཧ་ཅང་ཆེན་པོར་གནས་ཡོད། གཉིས་ནས་དེ་སྔ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་བོད་ས་དབུས་གཙང་དང་མདོ་སྟོད་ཀྱི་འབྲི་ཆུ་ཕན་ཆད་ཚུན་ཆད་ཟེར་རྒྱུ་འདི་འདྲ་ཞིག་གི་ཐོག་བསྡད་ཡོད། ད་ལྟའི་དུས་ཚོད་ལ་མདོ་སྟོད་སྨད་དབུས་གཙང་བཅས་ཚང་མ་གོང་བུ་གཅིག་གྱུར་གྱི་བསམ་བློ་ཧ་ཅང་ཤུགས་ཆེན་པོ་ཡོད། དེ་སྔ་དུས་རབས་བདུན་པ་དང་བརྒྱད་པ། དགུ་པ་བཅས་ཆོས་རྒྱལ་ཚོའི་དུས་སྐབས་ལ་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཆོས་རྒྱལ་གཅིག་གི་བཀའ་འབངས་བྱས་ཏེ་གནས་ཡོད། དེ་རྗེས་བོད་སིལ་བུ་ཆགས་རྗེས་ཧ་ལམ་ཁ་ཐོར་བ་ལྟ་བུ་རེད། ཆོས་དང་རིག་གཞུང་ཐོག་གཅིག་གྱུར་དུ་གནས་ཡོད་ཀྱང་ཆབ་སྲིད་ཀྱི་ཐད་བོད་སིལ་བུར་གནས་ཏེ་ཧ་ཅང་ཉམས་དམའ་པོ་ཆགས་ཡོད། དེ་རིང་ཁ་སང་གི་དུས་ཚོད་འདིར་ཕྱི་ནང་གི་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བོད་ཡོངས་རྫོགས་གཅིག་གྱུར་དང་མི་རིགས་ཀྱི་ཞེན་ཁོག སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་བཅས་ཧ་ལས་དགོས་པ་ཞིག་འདུག ང་ཚོ་བཙན་བྱོལ་ལ་ཡོད་པ་ཚོ་ཡིན་ཡང་འདས་པའི་ལོ་ལྔ་བཅུ་ང་གྲངས་རིང་དཀའ་ངལ་མང་པོ་ཞིག་གི་འོག་སོ་སོའི་སྙིང་སྟོབས་དང་ལྷག་བསམ་བརྟན་པོར་གནས་ཏེ་དཀའ་ངལ་དང་ལེན་གྱི་ཐོག་ནས་བཙན་བྱོལ་བ་འདྲ་འདྲའི་ནང་མི་འདྲ་བ་བྱས་ནས་བསྡད་ཡོད་པ་ང་རང་ཚོས་འགྲེལ་བཤད་མ་དགོས་པར་བོད་པ་རྒྱུས་ཡོད་མཁན་དང་། བཙན་བྱོལ་བར་ལྟ་རྟོག་བྱེད་མཁན་མང་པོས་ཤོད་ཀྱི་ཡོད། དེ་ཚོ་ནི་གཙོ་བོ་རྒྱ་ཆེའི་མི་མང་གི་སེམས་ཤུགས་དང་སྙིང་སྟོབས་ཀྱིས་དཀའ་ངལ་དང་ལེན་བྱས་པའི་འབྲས་བུ་རེད། དེར་བརྟེན་དེ་རིང་འདིར་ཀ་རྡོར་སྒང་གསུམ་དུ་ཡོད་པའི་བོད་པ་ཚོར་ཡང་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། ད་བར་ཧུར་ཐག་བྱས་པར་ཁྱེད་རང་ཚོར་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན།
དེ་ནས་འབྱུང་འགྱུར་གྱི་ང་ཚོའི་དཀའ་ངལ་སེལ་བའི་ཐབས་ལམ་ཕྱི་ལོ་ ༡༩༧༤ ལོ་ནས་རང་རྒྱལ་གཞན་ཕམ་མིན་པར་རྒྱ་ནག་གཞུང་ལའང་ལྟ་རྒྱུ་ཡོད་པ་དང་། ང་རང་ཚོ་བོད་པ་ལའང་ལྟ་རྒྱུ་ཡོད་པའི་གཉིས་ཕན་དབུ་མའི་ལམ་ཞེས་པ་ང་ཚོས་གཏན་འཁེལ་བྱས་ཡོད། དེ་རྗེས་ཕྱི་ལོ་ ༡༩༧༨ ཀྱི་ལོ་མཇུག་དང་ ༡༩༧༩ ལོར་ཏེང་ཞའོ་ཕིང་གིས་དབུ་ཁྲིད་པའི་རྒྱ་ནག་གཞུང་ལ་ཐད་ཀར་འབྲེལ་བ་བྱུང་ཡོད། དེའི་སྐབས་ང་ཚོའི་ངོས་ནས་ལོ་ཤས་གོང་དུ་གཉིས་ཕན་གྱི་ལམ་ཞིག་གཏན་འཁེལ་ནས་ཡོད་པར་བརྟེན་རྒྱ་གཞུང་ལ་འབྲེལ་བ་བྱེད་བདེ་པོ་བྱུང་ཡོད། རྒྱ་ནག་ནང་ཕྱི་ལོ་བརྒྱད་ཅུ་གྱ་གྲངས་ནང་མང་གཙོའི་ལས་འགུལ་ཞིག་འགོ་ཚུགས་ཡོང་དུས་རྒྱ་ནག་གཞུང་གིས་སྤྱི་ཡོངས་ལ་སྲིད་བྱུས་མཁྲེགས་པོ་བྱས་པ་ལྟར་བོད་ལའང་དེ་བཞིན་བྱས་ཡོད་ཀྱང་སྲིད་འཛིན་ཧུ་ཡའོ་པང་གི་སྐབས་སུ་དངོས་གནས་རེ་བ་ཆེན་པོ་ཞིག་བྱུང་ཡོད། ཧུ་ཡའོ་པང་ལས་མེད་སྟེང་བཞག ཀྲའོ་ཙེ་དབྱང་ཡང་གནས་མ་ཐུབ་པ་རེད། དེ་འདྲའི་ཐོག་ནས་ང་ཚོར་ལམ་འགྲོ་མེད་པ་ལྟ་བུས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ཀྱང་གྲུབ་འབྲས་བྱུང་མེད། དེ་དང་ཆབས་ཅིག་བོད་ནང་འུ་ཐུག་ཐབས་ཟད་ཀྱི་ངོ་རྒོལ་གྱེན་ལངས་སྔ་ཕྱི་བྱས་པ་རྣམས་ལ་དྲག་གནོན་བྱས་ཏེ་གནས་ཚུལ་སྐྱོ་པོ་ཞིག་ཆགས་ཡོད། འོན་ཀྱང་འདས་པའི་ལོ་ཉི་ཤུ་སུམ་ཅུའི་གོང་དང་ལྷག་པར་ཉིས་སྟོང་བརྒྱད་ཀྱི་རྗེས་ངས་རྒྱ་མི་མང་པོ་ཞིག་དང་ཐུག་པ་ཡིན། རྒྱ་མི་ཤེས་ཡོན་ཅན་དང་སློབ་ཕྲུག་སོགས་སྟོང་ཕྲག་ཁ་ཤས་ཐུག་པའི་ཁོངས་ཨ་མི་རི་ཁ་དང་ཡུ་རོབ་སོགས་ལ་སློབ་སྦྱོང་བྱེད་མཁན་གྱི་རྒྱ་མི་མང་པོ་ཐུག་ཡོད། རྒྱ་མི་ཤེས་ཡོན་ཅན་སྐད་གྲགས་ཡོད་པ་དེ་འདྲ་ནས་ང་ཐུག་པར་ཡོང་བ་དང་། ཡང་ཆེད་མངགས་ཚོགས་འདུ་ཡང་ཚོགས་ཡོད། དེ་ཚོར་ང་ཚོའི་དབུ་མའི་ལམ་གྱི་ནང་དོན་འགྲེལ་བཤད་བྱེད་སྐབས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག རྡོ་དོན་སྙིང་པོ་དབུ་མའི་ལམ་ལ་རྒྱ་རིགས་ཀྱི་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་ཤུགས་ཆེན་པོ་རེད། ན་ནིང་པེ་ཅིང་ནས་རྒྱ་མི་ཞིག་གིས་བྲིས་པའི་རྒྱ་ཡིག་ལག་བྲིས་མ་ཞིག་འབྱོར་བྱུང་། ཁོ་རང་ཤེས་ཡོན་ཅན་ཞིག་རེད་འདུག དེའི་ནང་དེ་སྔོན་ཏཱ་ལའི་བླ་མ་ཞེས་པ་ཆོས་ཀྱི་དབུ་ཁྲིད་ཅིག་ཡིན་ཡང་ཆབ་སྲིད་ཐོག་ཁ་བྲལ་བྱེད་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཁོང་རང་རི་བོ་རྩེ་ལྔར་གནས་སྐོར་ལ་བསྐྱོད་པ་དེའི་སྐབས་རྒྱ་གར་ནས་གནས་སྐོར་ལ་ཕེབས་པའི་དགེ་འདུན་པ་རྒྱ་སྐད་ཡག་པོ་ཤེས་མཁན་ཞིག་ཐུག་བྱུང་། དེས་ཏཱ་ལའི་བླ་མས་རྒྱ་བོད་ཀྱི་དཀའ་ངལ་སེལ་བའི་ཐབས་ལམ་དབུ་མའི་ལམ་བསྟན་པའི་སྐོར་གྱི་འགྲེལ་བཤད་ཉན་རྗེས། ཏཱ་ལའི་བླ་མས་རྒྱ་བོད་གཉིས་ཕན་གྱི་ཐབས་ལམ་དེ་ལ་རྒྱ་ནག་མི་མང་བརྒྱ་ཆ་བརྒྱ་ཐམ་པས་རྒྱབ་སྐྱོར་བྱ་རྒྱུ་རེད་ཅེས་བྲིས་འདུག དེ་ནི་དངོས་ཡོད་གནས་ཚུལ་ཡིན། འདས་པའི་ལོ་ཤས་ནང་ངས་རྒྱ་མི་མང་པོ་ཞིག་ཐུག་པ་དེ་དག་ཚང་མས་ཧ་ཅང་མོས་པོ་དང་། དེ་ནི་རྒྱ་ནག་ལའང་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག
དབུ་མའི་ལམ་གྱི་རྒྱ་ནག་གཞུང་ལ་གཡོ་འགུལ་གང་ཡང་ཐེབས་མེད། འོན་ཀྱང་གཞུང་དང་མི་མང་གང་ཞིག་གལ་ཆེ་བ་ཡིན་ཞེས་བརྗོད་ན་མི་མང་གལ་ཆེ་བ་ཡིན། མང་གཙོ་གཅིག་སྡུད་ནང་གཞུང་གལ་ཆེན་པོ་ཡིན་ནའང། ཕུགས་རྒྱང་རིང་པོའི་ཆ་ལ་མི་མང་གལ་ཆེ་བ་ཡིན། དེ་འདྲ་ཡིན་དུས་ང་ཚོས་དབུ་མའི་ལམ་ཞེས་བརྗོད་པ་འདི་ལ་རྒྱ་ནག་མི་མང་ནང་ནས་ཤེས་ཡོན་ཅན་མང་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ལིའུ་ཞའོ་པའོ་དང་དེ་བཞིན་ཨ་རིར་སླེབས་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་མང་པོ་ཐུག་ཡོད། ཚང་མས་ཧ་ཅང་དགའ་མོས་དང་རྒྱབ་སྐྱོར་བྱེད་ཀྱི་འདུག དེ་ནས་གལ་ཆེ་ཤོས་ཤིག་ལ་བོད་ནང་གི་བོད་རིགས་ཤེས་ཡོན་ཅན་རྩོམ་པ་པོ་དང་། སྒྱུ་རྩལ་བ། སློབ་དགེ་སོགས་མང་པོ་ཞིག་ཐུག་ཡོད། ཚང་མའི་སེམས་ནང་རང་བཙན་ཡོད་ཀྱང་ང་ཚོའི་ངོས་ནས་འགྲུབ་ཐུབ་པ་ཞིག་དང་ད་ལྟའི་དཀའ་ངལ་སེལ་ཐུབ་པར་བསམ་བློ་གཏོང་དགོས་དུས་གཉིས་ཕན་དབུ་མའི་ལམ་ཞེས་པ་འདི་རྒྱུ་མཚན་ལྡན་པ་དང་། རྒྱ་མི་ལ་འགྲེལ་བཤད་བྱ་རྒྱུ་ཡོད་པ་ཧ་ཅང་ཡག་པོ་འདུག་ཅེས་ཚང་མས་དགའ་པོ་བྱེད་ཀྱི་འདུག བོད་ནང་གི་ཤེས་ཡོན་ཅན་ཐུག་པའི་ནང་ནས་རང་བཙན་ཐོག་འགྲོ་དགོས་ཞེས་ཤོད་མཁན་གཅིག་ཀྱང་མི་འདུག ང་ཚོར་ཐོབ་ཐང་ཡོད་པ་དུས་རབས་བདུན་པ། བརྒྱད་པ། དགུ་པ་དེ་ཚོའི་སྐབས་ནས་གསལ་པོ་རེད། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཅེས་བརྗོད་ཀྱི་ཡོད། དེ་བཞིན་སྐད་དང་ཡི་གེས་ཤན་ཕྱེས་པའི་གོམས་གཤིས་དང་རིགས་རུས་ཀྱང་མི་འདྲ་བ་ཡིན། འོན་ཀྱང་འཛམ་གླིང་འགྱུར་བ་འགྲོ་གི་ཡོད། རྒྱ་ནག་གི་གནས་སྟངས་ལ་མཚོན་ན་༸སྐུ་མདུན་སྐུ་གོང་མ་བཙན་བྱོལ་ལ་ཕེབས་ནས་བོད་ལ་ཕྱིར་ཕེབས་གནང་བའི་དུས་ཚོད་དེ་ནི་རྒྱ་ནག་གོང་མ་མེད་པར་གྱུར་ནས་གསར་བརྗེ་འགོ་ཚུགས་པའི་དུས་ཡིན་པ་དང་༸སྐུ་མདུན་རང་གི་ཞལ་གདམས་བཀའ་སློབ་ནང་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་ཆགས་པ་རེད་ཅེས་གསུངས་ཡོད། ད་ལྟའི་གནས་སྟངས་ལྟག་ཆུ་ཆད་པའི་རྫིང་བུ་མ་རེད། འོན་ཀྱང་དེ་རིང་ཁ་སང་ཁ་ཤས་ཀྱིས་༸སྐུ་མདུན་སྐུ་གོང་མས་དེ་འདྲ་གནང་ཡོད། ད་ལྟ་སྐུ་ཕྲེང་བཅུ་བཞི་པས་ཕྲན་བུ་འཇོན་གྱི་མི་འདུག་མདོག་མདོག་ཤོད་ཀྱི་འདུག དེ་ཚོའི་ཐད་དངོས་ཡོད་གནས་སྟངས་ལ་བསམ་བློ་ཏན་ཏན་གཏོང་དགོས། རང་བཙན་ང་ཚོར་ཐོབ་ཐང་ཡོད་ཀྱང་ད་ལྟ་ང་ཚོའི་བོད་ནང་ཛ་དྲག་གི་གནས་ཚུལ་ཆགས་ཡོད། སྐད་ཡིག་དང་རིག་གཞུང་མི་འདྲ་བ་ཡོད་ཀྱང་། དེ་ཚོ་གཉིས་ཕན་གྱི་བསམ་བློ་ཡག་པོ་བཏང་ན། ངས་ནམ་རྒྱུན་རྒྱ་མི་ཚོར་ཤོད་ཀྱི་ཡོད། དཔེར་ན་རྒྱ་གར་ཤར་དང་། ལྷོ། ནུབ། བྱང་བཅས་སྐད་དང་ཡི་གེ་མི་འདྲ་བ་རེད། ཡིན་ནའང་མང་གཙོའི་ཁྲིམས་ཀྱི་དབང་སྒྱུར་ཡོད་པར་བརྟེན་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་གང་ཡང་མེད། ཚང་མར་ཐོབ་ཐང་འདྲ་མཉམ་དང་ཁྲིམས་ཀྱི་དབང་སྒྱུར། མང་གཙོ་རང་དབང་བཅས་ཡོད་དུས་ཁ་བྲལ་འགྲོ་བའི་ཉེན་ཁ་གང་ཡང་མེད། དེར་བརྟེན་བོད་རྒྱ་གཉིས་སྐད་དང་ཡི་གེ་མི་འདྲ་བ་ཡོད་ཀྱང་ཁྱེད་རང་ཚོས་བོད་པར་དངོས་གནས་སྤུན་ཟླ་མི་རིགས་ཞེས་བརྗོད་པ་བཞིན་བརྩི་བཀུར་དང་བརྩེ་བ་བྱས་ཏེ་ཐོབ་ཐང་འདྲ་མཉམ་སྤྲད་ན། ང་ཚོ་བོད་པའི་ངོས་ནས་ཀྱང་བསམ་བློ་གཏོང་གི་རེད་ཅེས་ངས་མཚམས་རེ་གསལ་པོ་བྱས་ནས་ཤོད་ཀྱི་ཡོད།
ང་ཚོ་བཙན་བྱོལ་བའི་ནང་བོད་ནས་ཡོང་མཁན་ཁག་གཅིག་གིས་རྒྱ་གར་ནང་ཟླ་བ་ཁ་ཤས་བསྡད། དེ་ནས་ཨ་མི་རི་ཁ་དང་ཡུ་རོབ་ཁུལ་ལ་འགྲོ་གི་ཡོད། དེ་ཚོ་ཆོས་དོན་གཉེར་བྱས་ནས་འགྲོ་བ་མ་ཡིན་པར་ཨ་སྒོར་དོན་དུ་གཉེར་ནས་འགྲོ་གི་ཡོད། དེར་བརྟེན་ང་ཚོ་བོད་པ་ཚོ་ལ་ཡང་དངུལ་དང་དཔལ་འབྱོར་དགོས་ཀྱི་འདུག དེ་འདྲ་ཡིན་དུས་ང་ཚོས་རང་བཙན་བརྗོད་ནས་རང་བཙན་རག་གི་མ་རེད་ལ་རང་བཙན་ཡིན་ཞེས་བརྗོད་དེ་དབུལ་པོ་བྱས་ཏེ་བསྡད་པ་ལས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་མཉམ་དུ་བསྡད་དེ་དཔལ་འབྱོར་ཡར་རྒྱས་ཡག་པོ་ཞིག་ཡོད་པ་ཞིག་བྱུང་ན། ང་རང་ཚོའི་སྐད་ཡིག་རིག་གཞུང་དེ་དག་ཀྱང་མི་ཉམས་གོང་སྤེལ་ཡག་པོ་ཞིག་བྱེད་ཐུབ་པ། ལྷག་པར་དུ་རྒྱ་ནག་ནང་དེང་སྐབས་ནང་ཆོས་ལ་དད་པ་བྱེད་མཁན་མི་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱའི་བར་ཞིག་ཡོད་པ་ཤོད་ཀྱི་འདུག དེང་སྐབས་རྡ་རམ་ས་ལར་རྒྱ་ནག་སྐམ་ས་ནས་བདུན་ཕྲག་རེའི་ནང་རྒྱ་མི་ནང་པ་བཅུ་ནས་ཉི་ཤུའི་བར་ཡོང་གི་འདུག ཁོང་ཚོས་ང་ཐུག་སྐབས་ངུས་ཏེ་རྒྱ་ནག་གི་ནང་པ་ཚོ་མ་བརྗེད་པ་བྱེད་རོགས་ཞེས་ཤོད་ཀྱི་འདུག
དེ་བཞིན་བཀའ་ཆོས་གལ་ཆེ་བ་དེ་འདྲའི་སྐབས་རྒྱ་སྐད་སྐད་སྒྱུར་ཡོད་པའི་སྐབས་དཔེར་ན་སྔ་ལོ་རྡོ་རྗེ་གདན་ལ་དུས་འཁོར་དབང་ཆེན་བྱེད་པའི་སྐབས་རྒྱ་ནག་སྐམ་ས་ཆེན་མོ་ནས་རྒྱ་མི་སྟོང་ཕྲག་ལྷག་ཙམ་སླེབས་ཡོད། དེར་བརྟེན་རྒྱ་ནག་ལ་བོད་ཀྱི་ཆོས་དང་རིག་གཞུང་གིས་སྔར་ཡང་ཕན་ཐོགས་བྱས་ཏེ་རྒྱ་ནག་གི་གོང་མ་མང་པོ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཡིད་འཕྲོག་ནས་ནང་པ་བྱེད་མཁན་བྱུང་ཡོད། མ་འོངས་པར་ཡང་རྒྱ་མི་མང་པོ་ཞིག་སྤྱིར་ནང་པའི་ཆོས་དང་ལྷག་པར་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་མཁན་དང་དེ་རིང་ཁ་སང་ཡིན་ནའང་དགའ་པོ་བྱེད་མཁན་མང་པོ་ཞིག་འདུག ང་ཚོས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་དཔལ་འབྱོར་ཐད་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཡིན་པས་དེ་ནས་ང་ཚོར་ཁེ་ཕན་ཡོང་ཐབས་དང་། ང་ཚོའི་ཆོས་དང་རིག་གཞུང་ཐོག་བོད་པ་རང་ཉིད་ཀྱིས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་བྱེད་པར་མ་ཟད། རྒྱ་ནག་ནང་གི་རྒྱ་མི་ནང་པ་ས་ཡ་བརྒྱ་ཕྲག་ཡོད་པ་དེ་ཚོར་ཡང་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན། སྤྱིར་བསྟན་པར་ཕན་པ་ཞིག་དང་བྱེ་བྲག་མི་སྒེར་སོ་སོར་ཡང་ཕན་པ་བཅས་གཉིས་ཕན་ཡིན། དེ་འདྲ་ཡིན་དུས་ད་ལྟ་ང་ཚོས་དབུ་མའི་ལམ་ཞེས་པ་འདིར་གཞི་རྩའི་ཐོག་ནས་གྲུབ་འབྲས་ཐོན་ཡོད་པ་དེ་དག་ཁྱེད་རང་ཚོས་ཤེས་པ་བྱེད། ད་བར་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ཏེ་གྲུབ་འབྲས་བྱུང་མ་སོང་ཞེས་པ་འདི་དཔེ་མཚོན་གཅིག་ཡིན་པ་ལས། ཕྱོགས་ཡོངས་ཀྱི་གནས་ཚུལ་མཚོན་གྱི་མེད། སྤྱི་ཡོངས་མི་མང་རིམ་པའི་ཐོག་ནས་ང་ཚོར་གྲུབ་འབྲས་ཧ་ཅང་ཆེན་པོ་བྱུང་ཡོད། གང་ལྟར་དབུ་མའི་ལམ་གྱི་ཐོག་རྒྱ་ནག་གཞུང་ནས་བསམ་བློ་ཕྲན་བུ་གུ་ཡངས་བཏང་ན་ང་ཚོས་འབྲེལ་བ་བྱེད་བདེ་པོ་ཆགས་ཡོད། རང་བཙན་ཞེས་བརྗོད་ན་འབྲེལ་བ་བྱེད་པའི་སྒོ་དེ་ང་རང་ཚོའི་ངོས་ནས་བརྒྱབ་པ་དང་། རྒྱ་ཕྱོགས་ནས་འབྲེལ་བ་བྱེད་འདོད་བྱུང་ཡང་ང་ཚོས་སྒོ་བརྒྱབ་པ་ལྟ་བུ་ཆགས་ཀྱི་རེད། དེ་ཚོར་བསམ་བློ་གཟབ་གཟབ་བྱས་ནས་གཏོང་དགོས།
འདིར་ཀ་རྡོར་སྒང་གསུམ་ལ་ཡོད་པའི་བོད་མི་ཚང་མར་འགན་ཡོད་པ་རེད། རྩ་བའི་ང་རྒས་ཡོལ་ཞུས་ཟིན་ཡང་ང་བོད་པ་ཞིག་ཡིན་པ་དང་། དེའི་ནང་ནས་ཨ་མདོ་བ་དེ་སྔ་དགའ་ལྡན་ཕོ་བྲང་གཞུང་གི་འོག་ལ་བསྡད་མ་མྱོང་བ་ཞིག་ཡིན། འོན་ཀྱང་གཙོ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་མང་གིས་ང་ལ་ཡིད་ཆེས་བློས་འགེལ་དང་། དེ་བཞིན་བྱེས་ཀྱི་རྒྱ་ཆེའི་མི་མང་གིས་ཀྱང་ང་ལ་ཡིད་ཆེས་བློས་འགེལ་བྱེད་ཀྱི་ཡོད། དེར་བརྟེན་ང་ལ་ལས་འགན་ཞིག་ཡོད་པ་ཡིན་དུས་ད་རེས་བོད་མི་འདུ་འཛོམས་ཡོད་ས་འདིར་ངས་བོད་ཀྱི་གཞི་རྩའི་གནས་སྟངས་ཤིག་ཞུས་ན་བསམ་བྱུང་། གང་ལྟར་ལོ་དྲུག་ཅུ་བརྒལ་བའི་ནང་རྒྱ་ནག་ལ་འགྱུར་བ་ཧ་ཅང་ཕྱིན་ཡོད། དེ་རིང་ཁ་སའི་རྒྱ་ནག་དང་ལོ་སུམ་ཅུ་བཞི་བཅུའི་གོང་གི་རྒྱ་ནག་གཉིས་ལ་འདྲ་ས་མེད་པར་འགྱུར་བ་ཆེན་པོ་ཕྱིན་ཡོད། དེང་སང་རྒྱ་ནག་ནང་གང་ཙམ་གྱི་གཏམ་བརྗོད་རང་དབང་འདུག བོད་པ་དེ་འདྲ་རྒྱ་ནག་ལ་སླེབས་དུས་རང་དབང་གང་ཙམ་ཡོད་པ་དང་། བོད་དང་ལྷག་པར་ལྷ་སར་སླེབས་དུས་ཧ་ཅང་དམ་བསྒྲགས་འདུག་ཅེས་ཤོད་ཀྱི་འདུག རྒྱ་ནག་ལ་འགྱུར་བ་འགྲོ་གི་ཡོད། ད་ལྟའི་བོད་པའི་གནས་སྟངས་འདི་རྒྱ་མི་ངོ་ཚ་བ་དང་བོད་ལ་སྡུག་བསྔལ་མྱོང་བ་བཅས་གཉིས་སྡུག་ལས་མེད། རྒྱུ་མཚན་ལྡན་པའི་ཐོག་ནས་རྒྱ་ནག་གཞུང་གིས་བསམ་བློ་བཏང་ན་རྒྱ་དང་བོད་གཉིས་ཀར་ཕན་གྱི་རེད། དེར་བརྟེན་ང་ཚོས་དབུ་མའི་ལམ་ཞེས་གཉིས་ཕན་གྱི་ལམ་ལ་འགྲོ་གི་ཡོད་པས་མ་འོངས་པར་གྲུབ་འབྲས་འཐོན་རྒྱུ་ཡིན་པ་ང་ལ་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད། འདི་ཁྱེད་རང་ཚོའི་བློ་ལ་ངེས་པ་བྱེད་དགོས། བཀྲ་ཤིས་བདེ་ལེགས།།