༢༠༡༣ ཟླ་ ༤ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༡ ཉིན་རྡ་ས་ཉིན་སློབ་ཀྱི་ཚོགས་ཁང་དུ་སྒྱུ་རྩལ་བ་ན་གཞོན་རྟ་མགྲིན་ཚེ་བརྟན་ལགས་ཀྱིས་གོ་སྒྲིག་འོག་ཆབ་སྲིད་ཀྱི་ཁབ་གཙགས་རི་མོའི་སྒྱུ་རྩལ་ལས་རིགས་འདྲ་མིན་གྱི་འགྲེམས་སྟོན་གནང་ཡོད།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༥ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སྐུ་ཞབས་བློ་བཟང་སྨོན་ལམ་ལགས། རྡ་ས་ཁུལ་གྱི་མི་མང་བཅས་ལྷན་འཛོམས་ཐོག་རྟ་མགྲིན་ཚེ་བརྟན་ལགས་ཀྱིས་ཁབ་གཙགས་རི་མོའི་འཕེལ་རིམ་དང་འགྲེམས་སྟོན་གྱི་དམིགས་དོན་ངོ་སྤྲོད་གནང་ཡོད། དེ་རྗེས་སུད་སིར་གནས་སྡོད་བོད་རིགས་ན་གཞོན་བློ་ནམ་མཁའ་ལགས་ཀྱིས་རྒྱལ་གཅེས་པ་རྣམས་ཀྱི་བློས་གཏོང་ལ་རྗེས་དྲན་དང་གདུང་སེམས་མཉམ་སྐྱེ་ཞུ་ཆེད་རང་ཉིད་ཀྱི་སྒལ་པའི་སྟེང་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་རྣམས་ཀྱི་མིང་དང་མཆོད་འབུལ་ཟླ་ཚེས་བཅས་ཉིན་ལྔའི་རིང་ལ་ཁབ་གཙགས་བཀོད་པ་དེ་ཉིན་མཇུག་སྒྲིལ་རྗེས་ལས་འགུལ་གྱི་ཆོད་སེམས་དང་ཚོར་སྣང་ངོ་སྤྲོད་གནང་ཡོད།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། ང་ཚོ་ལོ་རྒྱུས་ནང་མུན་ནག་ཆེན་པོའི་དུས་རབས་ཤིག་འཁེལ་བའི་སྐབས་འདིར། སྐུ་མགྲོན་དུ་ཕེབས་པ་དཔལ་ལྡན་རྒྱ་མཚོ་ལགས་ལྟ་བུ་ནི་སྙིང་སྟོབས་ཆེན་པོ་རེད། དེ་བཞིན་སྐུ་ཞབས་སྨོན་ལམ་ལགས་ཀྱིས་ཀྱང་གློག་ཀླད་ཐོག་ཡིག་གཟུགས་སོགས་ཀྱི་ཕྱག་ལས་མང་པོ་ཞིག་གནང་བཞིན་ཡོད། ང་དང་ཚེ་རིང་མཚོ་མོ་ལགས་ནི་སྒྲིག་འཛུགས་ཀྱི་འགན་འཁྱེར་ཏེ་བསྡད་ཡོད། ད་ལྟ་རྟ་མགྲིན་ལགས་ཀྱི་ལས་དོན་བྱེད་རྒྱུ་དེ་ནི་བོད་པའི་སྤྱི་ཚོགས་ནང་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་ལས་དོན་བྱེད་ཐུབ་རྒྱུའི་རིམ་པ་གཅིག་ཆགས་ཡོད་པ་དང་། ཡང་སྒྲིག་འཛུགས་མ་ཡིན་པའི་ཐོག་ནས་ཚེ་བརྟན་རྡོ་རྗེ་ལྟ་བུ་ནི་ནང་མི་མཉམ་དུ་གོམ་བགྲོད་ཀྱི་ལས་འགུལ་རིམ་པ་གཅིག་ཆགས་ཡོད། མི་གཞན་པར་བསྟུན་མི་དགོས་པར་སོ་སོའི་རིག་པ་དང་རྣམ་དཔྱོད་བེད་སྤྱོད་ཀྱིས་སྒྱུ་རྩལ་རི་མོ་འབྲི་རྒྱུ་དང་། གཞས་དང་ཁབ་གཙགས་འགོད་རྒྱུ། དེ་བཞིན་སྟོད་གོས་སྟེང་བོད་ཀྱི་མངོན་འདོད་བྲིས་པ་དེ་དག་མི་མང་པོས་གྱོན་རྒྱུ་དང་མཐོང་རྒྱུ་ཆགས་ཡོད། མི་ཚང་མ་ཆབ་སྲིད་ཀྱི་ཚོགས་འདུ་སྐབས་ཆབ་སྲིད་ཀྱི་སྐད་ཆ་ཉན་འདོད་ཡོད་པ་དེ་འདྲ་མ་རེད། འོན་ཀྱང་སོ་སོའི་འདོད་མོས་མི་འདྲ་བ་དང་རྣམ་དཔྱོད་མི་འདྲ་བའི་ཐོག་བོད་པའི་གནད་དོན་ངོ་སྤྲོད་བྱ་རྒྱུའི་བརྒྱུད་ལམ་མི་འདྲ་བ་ཞིག་ཡོང་གི་ཡོད།
དེར་བརྟེན་དེ་རིང་འདིར་རྟ་མགྲིན་ལགས་ཀྱི་སྒྱུ་རྩལ་གྱི་ཐོག་ནས་བོད་ཀྱི་རྩ་དོན་ལ་ལས་དོན་གནང་བ་དང་། མ་འོངས་པར་གནང་འཆར་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ང་རང་སྒེར་ངོས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་མུ་མཐུད་གནང་རོགས་གནང་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་བརྙན་པར་གྱི་ལམ་ནས་རང་ལུས་མེར་སྲེག་གི་གླུ་དབྱངས་བསྟན་ཏེ་གྲོལ་བ་བཅས། །