༢༠༡༣ ཟླ་ ༤ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་དུ་རྒྱལ་བའི་བཀའ་བསྟན་སོགས་ཞུ་དག་གི་ཆེད་དུ་ཞུ་དག་པའི་ས་མིག་སྟོང་པ་ཞིག་ཡོད་པས་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༥ འགྱངས་མེད་འཚང་སྙན་འབུལ་དགོས་རྒྱུ། འཚང་སྙན་ནང་སོ་སོའི་ཁ་བྱང་། ཞལ་པར་ཨང་། གློག་འཕྲིན་ཁ་བྱང་བཅས་ཁ་གསལ་བཀོད་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ། ལག་འཁྱེར་ངོ་མ་ཞིབ་བཤེར་ཆེད་དངོས་གཞིའི་རྒྱུགས་སྤྲོད་སྐབས་མཉམ་འཁྱེར་དགོས། ཆ་སྐྱེན་ཚང་བའི་སྙན་འབུལ་ཁག་ལ་བོད་ཡིག་བྲིས་རྒྱུགས་དང་ངག་རྒྱུགས་ཀམ་སྤུ་ཊར་བཅས་འདེམས་རྒྱུགས་ཀྱི་ལམ་ནས་གདམ་རྒྱུ་ཡིན། འདེམས་རྒྱུགས་བྱ་ཡུལ་དང་ཚེས་གྲངས་སོགས་འཚང་སྙན་དུས་ཚང་རྗེས་དོ་བདག་སོ་སོར་བརྡ་ལན་སྤྲོད་རྒྱུ་ཡིན། རྒྱུགས་སྤྲོད་དུ་ཕེབས་སྐབས་ཀྱི་འགྲོ་གྲོན་རྣམས་དོ་བདག་རང་ཉིད་ནས་གཏོང་དགོས་པ་ཡིན།
དགོས་ངེས་ཀྱི་ཆ་རྐྱེན།
༡༽ དག་ཆ་རང་སྐྱ་ཕེར་བ་དང་སྡེབ་སྦྱོར་གྱི་བྱང་ཚད་ལྡན་པ་ནང་ཆོས་ཀྱི་གོ་རྟོགས་གང་འཚམ་ཡོད་པ།
༢༽ ཤཱསྟྲི་འམ་དབུ་མ་རབ་འབྱམས་པ་སོགས་ཀྱི་ཕྱག་འཁྱེར་ཡོད་པའམ་ཡང་ན་སུམ་རྟགས་དག་གསུམ་དང་
ནང་པའི་གཞུང་ཆེན་ཁག་ལ་ལོ་མང་རིང་སློབ་གཉེར་གནང་ནས་དེ་དང་མཉམ་པའི་ཤེས་ཚད་ཡོད་པ།
༣༽ གློག་ཀླད་ནང་བོད་ཡིག་ཐོག་ལས་ཀ་བྱེད་ཤེས་པ།
༤༽ ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ བར་དངས་བླངས་དཔྱ་དངུལ་ཆ་ཚང་ཕུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།
༥༽ རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་པའི་ཤོག་ངོས་དང་པོ་མཐའ་མའི་འདྲ་བཤུས།
༦༽ རང་ལོ་ ༤༠ མ་བརྒལ་བ་དགོས་རྒྱུ།
༧༽ ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོ་སྦྱོར།
༨༽ ལས་ཀ་བྱེད་བཞིན་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོ་སྦྱོར།
རྒྱལ་བའི་བཀའ་བསྟན་སོགས་ལ་ལོ་མང་རིང་ཞུ་དག་གནང་བའི་ཉམས་མྱོང་ཡོད་ན་ཁྱད་ཆོས་འཕར་མ་ལ་བརྩིས་ནས་དམིགས་བསལ་ཆེ་མཐོང་སྤྲོད་རྒྱུ་ཡིན།
གོང་གསལ་ལག་འཁྱེར་དང་ཡིག་ཆའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཁག་གི་ཟུང་དྲུང་ཡན་དང་ཡང་ན་ས་གནས་འགོ་འཛིན་གང་རུང་གི་དག་མཆན་ངེས་པར་འཁོད་དགོས། དོ་བདག་ལ་ཕོགས་རིམ་བཞི་པ་ཟླ་རེར་ཧིན་སྒོར་༡༢༧༧༢།༠༠ དང་ལས་ཤག་གོ་སྒྲིག་ཡོད། ཟླ་དྲུག་ཚོད་བལྟའི་དུས་ཡུན་རྫོགས་འཚམས་ལས་བྱེད་ངོ་མར་བསྐོ་གཞག་འོས་འཚམ་ཤེས་དཔར་སྒྲིག་གཞི་ནང་གསལ་སྤྱི་མཚུངས་ལྟར་ཐོབ་རྒྱུ་བཅས་ལྡི་ལི་ཤེས་དཔར་དབུས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༥ ལ།
Director
Tibetan Culture & Religious Publication Center
R-27&28 Ramesh park, Laxmi Nagar
Delhi -110092
Tele Fax: – 011-22455634, 011-22453672 (o) 011-22013260
Mail ID: – [email protected], [email protected]