༢༠༡༣ ཟླ་ ༤ ཚེས་ ༦ རེས་གཟའ་སྤེན་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༦ ཉིན་བཏང་གནས་ནང་འཁོད་དོན། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༡ ནས་ ༡༥ བར་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་ས་གནས་ཁྲིམས་ཞིབ་པ་ངོ་སྤྲོད་འཚམས་འདྲི་དང་འབྲེལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གནད་དོན་གཙོ་བོ་མང་གཙོའི་ཀ་བ་གསུམ་ངོ་སྤྲོད་དང་། ཁྲིམས་ཞིབ་ཁང་གོང་འོག་གི་ངོ་སྤྲོད། ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ཁྲིམས་ཁོངས་ཁྱབ་ཚད། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གཞི་རྩའི་ཐོབ་ཐང་དང་ལས་འགན་ཁག ཁྲིམས་ཞིབ་ཁང་དང་འབྲེལ་བའི་༸གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་ཟུར་འདོན་ཞུས་པ་ཁག་བཅས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་བརྒྱ་ཤོག་ ༡ ནས་ ༡༢ བར་གྱི་སེར་སྐྱ་མང་ཚོགས་ཁག་ལྔར་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཉེ་ལམ་རྒྱ་གར་ནང་ཡོད་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་ཚང་མ་ཕྱིར་བསྡུ་གནང་སྟེ། ཟུར་བཙུགས་ས་གནས་ཁྲིམས་ཞིབ་ཁང་བཞིའི་ཁོངས་སུ་ཟླ་བསྒྲིལ་གྱིས་ས་ཁོངས་ཁྱབ་ཚད་བསྒྱུར་བཅོས་གནང་བ་ལྟར། ལ་དྭགས་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱིས་ཁྲིམས་ཞིབ་པའི་ལས་ཁུར་ཞུས་པ་ནས་ད་རེས་རང་ཁོངས་ས་གནས་སུ་ཁྲིམས་ལུགས་གོ་རྟོགས་སྤེལ་བ་ཐོག་མ་དེ་ཆགས་ཡོད་པ་བཅས། །