༢༠༡༣ ཟླ་ ༤ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །སྔ་ལོའི་ཕྱི་ཟླ་ ༡༡ ཚེས ༢༦ ཉིན་མཚོ་ལྷོ་ཁུལ་ཆབ་ཆ་རྫོང་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ་སོགས་སློབ་ཕྲུག་ཁྱོན་ཆེ་ཞིག་གིས་མི་རིགས་འདྲ༌མཉམ་དང་། མི་རིགས་རང་དབང་། སྲིད་གཞུང་བསྐྱར་འཛུགས་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོགས་ཏེ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་པར་བརྟེན། སྐབས་དེར་རྒྱ༌ནག་གཞུང་གིས་ཉེན་རྟོག་པ་འབོར་ཆེན་བཏང་སྟེ་སློབ་ཕྲུག་ཚོར་གང་བྱུང་ཉེས་རྡུང་བཏང་སྟེ་དྲག་གནོན་བྱས་ཡོད་པ་མ་ཟད། སློབ་ཕྲུག་ ༡༥ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱལ་དགོས་ཐུག་བྱུང་ཡོད་ཅིང། སློབ་ཕྲུག་ཁག་གཅིག་འཛིན་བཟུང་ཡང་བྱས་ཡོད་འདུག
ཉེ་ལམ་མཚོ་སྔོན་ཞིང་ཆེན་ཆབ་ཆ་རྫོང་མི་དམངས་ཁྲིམས་ཁང་ཟེར་བ་ནས་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་གྱི་སྔ༌ལོའི་ཟླ་ ༡༡ ཚེས ༢༦ ཉིན་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་སློབ་ཕྲུག་བརྒྱད་ལ་དུས་ཡུན་ལོ་ ༤ ནས་ལོ་ ༣ བར་གྱི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་སློབ་བུ་སངས་རྒྱས་འབུམ་ལགས་སུ་དུས་བཀག་བཙོན་འཇུག་ལོ་ ༤ དང་། ཀུན་བཟང་འབུམ་ལགས་དང་། ལྷ་བསྟན་ལགས། བྱམས་པ་ཚེ་རིང་ལགས་བཅས་ལ་དུས་བཀག་བཙོན་འཇུག་ལོ་ ༣ དང་ལོ་ཕྱེད། དེ་བཞིན་དབང་འདུས་ཚེ་རིང་ལགས་དང་ཆོས་སྐྱོང་རྒྱལ་ལགས་སུ་དུས་བཀག་བཙོན་འཇུག་ལོ་ ༣ དང་ཟླ་བ་གསུམ། ཚེ་རིང་བཀྲིས་ལགས་དང་རྡོ་ལར་ལགས་སུ་ལོ་ ༣ དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་འདུག་པ་བཅས། །