༢༠༡༣ ཟླ་ ༤ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་ནས་རེབ་གོང་དང་རྩེ་ཁོག་རྫོང་གཉིས་ཀྱི་ཡོངས་གྲགས་ཁྲིམས་ར་བཙུགས་ཏེ་བོད་མི་གཡང་སྐྱབས་རྒྱལ་ལགས་དང༌། ལྕགས་ཐར་ལགས། གནམ་མཁའ་བྱམས་ལགས། མགོན་པོ་ལགས་བཅས་ལ་རང་ལུས་མེར་སྲེག་གི་འདྲ་པར་དང་གནས་ཚུལ་སོགས་ཕྱི་ཕྱོགས་སུ་གཏོང་ལེན་བྱས་པའི་བསྙད་འདོགས་དང་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ངན་བསྐུལ་བྱས་པའི་ཉེས་འཛུགས་ཀྱིས་གཡང་སྐྱབས་རྒྱལ་ལགས་སུ་དུས་བཀག་བཙོན་འཇུག་ལོ་ ༦ དང་ཆབ་སྲིད་ཁེ་དབང་ལོ་གསུམ་འཕྲོག་རྒྱུ། ལྕགས་ཐར་ལགས་སུ་དུས་བཀག་བཙོན་འཇུག་ལོ་ ༤ དང་ཆབ་སྲིད་ཁེ་དབང་ལོ་ ༢ འཕྲོག་རྒྱུ། གནམ་མཁའ་བྱམས་ལགས་སུ་དུས་བཀག་བཙོན་འཇུག་ལོ་ ༦ དང་ཆབ་སྲིད་ཁེ་དབང་ལོ་ ༣ འཕྲོག་རྒྱུ། མགོན་པོ་ལགས་སུ་དུས་བཀག་བཙོན་འཇུག་ལོ་ ༣ དང་ཆབ་སྲིད་ཁེ་དབང་ལོ་གཅིག་འཕྲོག་རྒྱུ་བཅས་ཀྱི་ཁྲིམས་ཆད་བཏང་ཡོད་འདུག་པ་བཅས། །