༢༠༡༣ ཟླ་ ༤ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༧ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༤ ཉིན་མདོ་སྨད་བ་ཡན་རྫོང་ཁོངས་བྱ་ཁྱུང་དགོན་ནང་འཕགས་མོ་དོན་གྲུབ་ལགས་ཀྱིས་རྒྱ༌གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་རྗེས་སྐབས་དེར་དངོས་སུ་མཐོང་མཁན་ཚོས་ཁོང་གི་ཕྱི་ཤ་ཡོངས་རྫོགས་ཚིགས་ཟིན་ཏེ་ནང་ཤ་མཐོང་གི་ཡོད་པ་དང་། ཉིན་དེ་གར་མཚོ་སྔོན་ཟི་ལིང་ཁུལ་དུ་སྨན་ཁང་དུ་འཁྲིད་རྗེས་རིམ་པས་ཧུའུ་ཀྲུའུ་(དགོན་ལུང་)རྫོང་ཁུལ་དུ་ཕུང་པོ་མེར་སྲེག་བཏང་ཡོད་འདུག དེ་རྗེས་བ་ཡན་རྫོང་ས་གནས་ཉེན་རྟོག་པ་བཞི་ཁོང་གི་ཁྱིམ་དུ་ཡོང་སྟེ་ཁོང་གི་པཱ་ལགས་རྐང་ལག་སོགས་ནས་འཇུས་ཏེ་བཙན་ཤེད་ཀྱིས་ཡིག་ཆ་ཞིག་གི་ཐོག་མཛུབ་མཐེལ་རྒྱག་བཅུག་ཡོད་འདུག་ཅིང་། པ་ལགས་ནས་ཡིག་རིགས་གང་ཡང་མ་ཤེས་སྟབས་ཡིག་ཆ་དེའི་ནང་གང་ཞིག་བྲིས་ཡོད་པ་ཤེས་རྟོགས་བྱུང་མེད་པ་དང་། ད་བར་ས་གནས་སུ་ཧ་ཅང་དམ་བསྒྲགས་ཤུགས་ཆེ་བྱེད༌བཞིན་ཡོད་པ་མ་ཟད། ཁོང་གི་ཁྱིམ་ཚང་སོགས་ལ་དམིགས་བསལ་དམ་བསྒྲགས་ཡོད་པར་བརྟེན་གནས་ཚུལ་ཁ་གསལ་ཤེས་རྟོགས་ཡོང་རྒྱུར་དཀའ་ངལ་ཡོད་འདུག་ཀྱང་། ད་ལམ་རག་སོན་བྱུང་བའི་འདྲ་དཔར་འདི་ནི་འཕགས་མོ་དོན་གྲུབ་ལགས་ཀྱི་འདྲ༌དཔར་ངོ་མ་ཡིན་པ་དང་། དེ་སྔ་འཕགས་མོ་དོན་གྲུབ་ལགས་ཀྱི་འདྲ་དཔར་གཞན་དེ་འདྲ༌ཐོན་ཡོད་ཚེ་དེ་དག་ནོར་འཛོལ་བྱུང་ཡོད་སྐོར་བོད་ནས་འབྲེལ་ཡོད་མི་སྣས་གསལ་བཤད་བྱས་འདུག་པ་ལྟར། ད་ལྟའི་ཆར་འཕགས་མོ་དོན་གྲུབ་ལགས་འདས་གྲོངས་སུ་གྱུར་ཟིན་པའི་འདྲ༌དཔར་ངོ་མ་དེ་རང་ཡིན་པའི་གསལ་བཤད་ཀྱང་གནང་ཡོད་འདུག་པ་བཅས། །