༢༠༡༣ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ ཉིན་འཛམ་གླིང་འཕྲོད་བསྟེན་ཉིན་མོ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་འཕྲོད་བསྟེན་ལྷན་ཁང་གི་སྤྱི་ཚོགས་འཕྲོད་བསྟེན་ཚན་པས་རྟོག་ཞིབ་བརྒྱུད་བོད་མིའི་སྤྱི་ཚོགས་ནང་ཁྲག་ཤེད་དང་འབྲེལ་བའི་སྙིང་ནད་ཀྱི་གྲངས་ཚད་མཐོ་བོ་སླེབ་བཞིན་ཡོད་སྟབས། མང་ཚོགས་ནས་དུས་རྒྱུན་དུ་སྨན་གཏུག་གནང་སྟེ་སྙིང་ནད་དེ་རིགས་ཆུང་ཆུང་ནས་བཅོས་ཐབས་གནང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་མ་ཟད། ས་གནས་སྨན་ཁང་ཁག་ནས་མི་མང་རྣམས་ལ་རིན་མེད་ཐོག་ཁྲག་ཤེད་བརྟག་དཔྱད་དང། ཁྲག་ཤེད་དང་འབྲེལ་བའི་སྙིང་ནད་སྔོན་འགོག་གི་གོ་རྟོགས་རྒྱ་ཆེ་སྤེལ་གནང་ཡོད།
དེང་སྐབས་འཕྲུལ་རིགས་ཀྱིས་དབང་བསྒྱུར་བྱེད་བཞིན་པའི་འཛམ་གླིང་འདིའི་ནང་ཕྱིའི་ཁོར་ཡུག་གི་འཁྲུག་ཆ་དོད་པོ་ཙམ་མ་ཟད། གང་ཟག་སྒེར་སོ་སོའི་ནང་སེམས་ཀྱི་སེམས་སྡུག་དང་འབྲེལ་བའི་སྙིང་གི་ནད་རིགས་དང་ཁྲག་ཤེད་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་ལྟར། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ (World Health Organisation) ཀྱི་ངོས་ནས་འདི་ལོ་ཕྱི་ལོ་ ༢༠༡༣ ལོའི་འཛམ་གླིང་འཕྲོད་བསྟེན་ཉིན་མོའི་བརྗོད་གཞི་དེ་བཞིན་ཁྲག་ཤེད་དང་འབྲེལ་བའི་སྙིང་ནད་འགོག་ཐབས་གཙོ་བོར་བཟུང་སྟེ། གཞི་རིམ་མང་ཚོགས་ཁྲོད་ཁྲག་ཤེད་དང་འབྲེལ་བའི་ནད་རིགས་སྔོན་འགོག་གི་གོ་རྟོགས་སྤེལ་རྒྱུའི་ལས་རིམ་ཡོངས་གྲགས་གནང་ཡོད་པ་དང་དུས་མཚུངས།
གོང་ཚེས་ཉིན་བཞུགས་སྒར་རྡ་སར་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་ཚན་པའི་འཕྲོད་བསྟེན་སློབ་གསོའི་ལས་བྱེད་པ་ཁག་གཅིག་དང། བདེ་ལེགས་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ། དེ་བཞིན་སྨན་རྩིས་ཁང་གི་སྨན་པ་ཁག་གཅིག་བཅས་ཚོགས་ཆུང་གཉིས་སུ་ཆ་བགོས་གནང་སྟེ། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་དཔའ་བོའི་རྡོ་རིང་གི་ས་ཚིགས་དང། མེག་གྷན་ས་གནས་ཀྱི་བདེ་ལེགས་སྨན་ཁང་གི་ཡན་ལག་སྨན་ཁང་གཉིས་སུ་རིན་མེད་ཐོག་ཁྲག་ཤེད་བརྟག་དཔྱད་ལམ་སྟོན་སོགས་སྨན་བཅོས་ཀྱི་ཕྲེད་དར་དཔྱངས་ཏེ་ས་གནས་བོད་མི་དང་ས་གནས་ཡུལ་མི། དེ་བཞིན་ཡུལ་སྐོར་བ་སོགས་ལ་ཁྲག་ཤེད་བརྟག་དཔྱད་གནང་ཡོད་པ་མ་ཟད། དོ་བདག་སོ་སོའི་ཁྲག་ཤེད་ཐོ་དམའ་ལ་གཞིགས་ཏེ་འཕྲོད་བསྟེན་གྱི་ལམ་སྟོན་སོགས་ཀྱང་གནང་ཡོད། ཐེངས་འདིའི་རིན་མེད་ཁྲག་ཤེད་བརྟག་དཔྱད་སྐབས་ཁྱོན་མི་གྲངས་ ༣༤༨ ཀྱིས་མཉམ་ཞུགས་གནང་ཡོད་པའི་ཁོངས་ནས་བརྒྱ་ཆ་ ༥༨།༦ བུ་དང་བརྒྱ་ཆ་ ༤༡།༤ བུད་མེད་ཡིན་འདུག
ཐེངས་འདིའི་ཁྲག་ཤེད་བརྟག་དཔྱད་དང་གོ་རྟོགས་ཀྱི་ལས་རིམ་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་། བདེ་ལེགས་སྨན་ཁང། སྨན་རྩིས་ཁང་བཅས་ཐུན་མོང་གིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག་པ་བཅས།།