༄༅། །དེང་སང་ཚོང་བྲིན་པོ་དང་རྒྱུག་པོ་ཡོང་ཆེད་ཚོང་ཟོག་དྲིལ་བསྒྲགས་ཀྱི་ཡིག་ཆ་དང། ཤིས་ཤོག། ཤོག་ཆག། ཤོག་སྣོད། ལྟོ་ཕད། ནང་འཇམ། སྟོད་གོས་སོགས་ཀྱི་ཐོག་སངས་རྒྱས་དང་བྱང་སེམས། ཡི་དམ། དཀྱིལ་འཁོར། ཆོས་སྲུང་བཅས་པའི་སྐུ་བརྙན་དང། དུས་འཁོར་སོགས་ཀྱི་གཟུངས་སྔགས་བཅས་བཀོད་དེ་གནས་སྐབས་ཀྱི་ཁེ་ཕན་ཆེད་གང་བྱུང་མགོ་མ་ཚོད་བེད་སྤྱོད་ལོག་པ་བཏང་བ་ཕྱི་རྒྱལ་བས་དགེ་སྡིག་གི་གནད་འགག་མ་ཤེས་པའི་དབང་གིས་རྐུབ་འོག་བཏིང་བ་དང། འགམ་ཡུག་བྱེད་པ། རྙིང་པ་གྱུར་མཚམས་གད་སྙིགས་འདུ་ཤེས་ཀྱིས་གཡུགས་པ་འདི་རིགས་རང་གཞན་ཉེས་དམིགས་ཀྱི་རྒྱུ་ཡིན་པས་དེ་དག་བཟོ་མཁན་དང། ཚོང་མཁན། ཉོ་མཁན་བཅས་པས་ངེས་པར་བག་ཟོན་བྱེད་དགོས། དེ་མཚུངས་བསང་གསོལ་སྐབས་རླུང་རྟ་དར་ཆེད་དུ་དམིགས་ཏེ་ཤོག་ལྷེ་ཚོན་སྣར་གོང་བཞིན་སྐུ་བརྙན་དང་གཟུངས་སྔགས་བཀོད་དེ་བརྒྱ་ཕྲག་མང་པོ་ནམ་མཁར་གཏོར་བ་རླུང་པོས་འཁྱེར་ཏེ་འགྲོ་ལམ། རྫབ་དོང་སོགས་མི་གཙང་གནས་སུ་ལྷུང་བ་དེ་དག་ནི་སྐྱབས་འགྲོའི་བསླབ་བྱ་དང་འགལ་བས།
བསོད་ནམས་གསོག་པའི་རྒྱུར་འགྲོ་དང། བསོད་ནམས་ཉམས་པའི་རྒྱུར་འགྲོ་ཐེ་ཚོམ་དང། རླུང་རྟ་དར་རྒུད་ཚོད་མི་ཐིག་པ་སྡིག་པའི་ལས་ལ་སྦྱོར་བས། སླད་སྐྱབས་འགྲོ་ཁས་ལེན་མཁན་ནང་པ་ཞིག་ཡིན་ཕྱིན་དེ་རིགས་ཐོག་སྣང་ཆུང་དུ་མ་སོང་བ་དང། དར་ལྕོག་གསར་འཛུག་སྐབས་ཤིང་སྡོང་ལ་གཟེར་བརྒྱབ་སྟེ་ཤིང་སྡོང་སྐམ་གཞིར་མི་འགྲོ་བ་དང། དར་ལྕོག་རྙིང་པ་སྐབས་འཕྲལ་མེར་བསྲེགས་ཀྱིས་འགོམ་ཡུག་ཏུ་མི་འགྲོ་བའི་ཁར། ཁོར་ཡུག་མི་གཙང་བའི་རྒྱུར་འགྱུར་ཏེ་མཐོང་ཚུལ་བསམ་འཆར་མི་ཡོང་བ་བཅས་ཀྱི་ཐོག་ས་གནས་ལས་ཀྱི་སྣེ་མོར་ཡོད་པ་རྣམས་ཀྱིས་ཐུགས་འགན་བཞེས་པའི་ཐོག་ཕྱོགས་ཚང་མས་དམིགས་བསལ་ཐུགས་སྣང་ཆེ་བཞེས་ཡོང་བའི་འབོད་སྐུལ་གསལ་བསྒྲགས་སུ། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༨ བཟང་པོ་ལ།།