༢༠༡༣ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར།
༄༅། ། ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་དུ་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་འབྱོར་དང་འབྲེལ་དོན་ལྡན་གླིང་ས་གནས་མི་མང་རྣམས་བསྡུ་སྐོང་ཐོག་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས་པ་དང་ཆབས་ཅིག་བོད་མིའི་སྒྲིགས་འཛུགས་ཀྱི་ལྟ་གྲུབ་གསུམ་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་དང་འཆར་འགོད། བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་གལ་ཆེའི་རང་བཞིན་སྐོར་ལ་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་བཀའ་ཤག་སྐབས་གོང་མས་གཏན་འབེབས་གནང་སྟེ། སྐབས་ ༡༤ པའི་བཀའ་ཤག་གིས་ལག་བསྟར་བྱེད་ཀྱི་ཡོད། དེ་བཞིན་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མིའི་ནང་། ས་གནས་ཀྱི་མི་མང་མཉམ་ཞུགས་གནང་ན། མི་མང་གི་རིམ་པ་གཉིས་པ་དང་གསུམ་པའི་སྨན་བཅོས་ཀྱི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དེ་ཡང་དོ་བདག་ནད་གཞི་ཉེན་ཁ་ཆེན་པོ་ཡོད་མཁན་རྣམས་དང་། ཉེན་ཁ་མེད་པ་གཉིས་ཀ་དོ་མཉམ་གྱིས་མཉམ་ཞུགས་ཐུབ་པ་བྱུང་ན་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་། མི་མང་གཉིས་ཀར་ཕན་ཐོགས་ཡོད། དེང་སྐབས་མི་དམངས་ནང་མི་རེ་ཟུང་གིས་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་དཔལ་འབྱོར་འདུ་འགོད་ཆེད་ཡིན་སྐོར་ཤོད་མཁན་དང་། ཡང་ཉམ་ཐག་དང་ལས་བྱེད་ཀྱི་ཆེད་དུ་ཡིན་སྐོར་གླེང་ཕྱོགས་གཉིས་ཡོང་གི་ཡོད་འདུག་ཀྱང་དེ་དག་བདེན་པ་མིན་པར་མི་དམངས་ལ་ཕན་ཐོགས་ཡོང་གཞིའི་ཆེད་ཡིན། ཞེས་སོགས་ཀྱི་གསུང་བཤད་དང་མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་འདུག་པ་བཅས། །