༢༠༡༣ ཟླ་ ༤ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༣ ཉིན་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་ཟིན་ཏེ་འདི་ཟླའི་ཚེས་ ༡༩ ཉིན་སྦེང་ལོར་དུ་ཆེད་ཕེབས་ཀྱིས་ཀར་ན་ཀྲ་ཀ་མངའ་སྡེའི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་གྱི་དྲུང་ཆེ་སྐུ་ཞབས་མ་ཌན་གོ་པལ་(Madan Gopal) མཆོག་དང། སྨན་པའི་ཤེས་ཡོན་(Medical Education) གྱི་དྲུང་ཆེ་སྐུ་ཞབས་ཀེ་ཨེ་ཆི་གོ་ཝིན་ཌ་ར་ཇི་ (K.H Govinda Raj) མཆོག་གཉིས་མཇལ་འཕྲད་ཀྱིས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ནང་ས་གནས་མངའ་གཞུང་ནས་གློ་ནད་ཀྱི་ནད་གཞི་དང་འབྲེལ་བའི་ལས་འཆར་ཁག་དང། གྲོང་གསེབ་འཕྲོད་བསྟེན་ལས་འཆར་རིགས་བཅས་གཞིས་ཆགས་ཁག་གི་འཕྲོད་བསྟེན་སྨན་ཁང་བརྒྱུད་བོད་མི་ཚོར་རོགས་ཕན་དགོངས་བཞེས་གནང་ཐབས་ཡོང་བ་དང༌།
དེ་བཞིན་སྔ་ལོ་སྲིད་སྐྱོང་མཆོག་སྦེང་ལོར་ཁུལ་དུ་ཕེབས་སྐབས་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇག་ཌི་ཤི་ཤེ་ཊར་ (Jagdish Shetter) མཆོག་མཇལ་འཕྲད་ཀྱིས་བོད་པའི་སློབ་ཕྲུག་རྣམས་ལ་ཕྱི་ལུགས་སྨན་པའི་ཞབས་སྟེགས་ཟུར་བཅད་དགོངས་བཞེས་གནང་རོགས་ཞུས་པར་བསྐྱར་སྐུལ་དང་སྦྲགས་བོད་པའི་སློབ་ཕྲུག་ (MBBS) སྨན་པ་ཐོན་པའི་སློབ་མ་ཚོར་དམིགས་བསལ་ (M.D (Doctor of Medicine) སློབ་སྦྱོང་བྱ་རྒྱུའི་ཞབས་སྟེགས་རེ་ཟུང་དགོངས་བཞེས་གནང་ཐབས་ཡོང་བ་ཞུས། དེ་བཞིན་འཕྲོད་བསྟེན་བཀའ་བློན་མཆོག་སྦེང་ལོར་བཞུགས་རིང་སྦེང་ལོར་མི་མང་དང་སློབ་ཕྲུག་རྣམས་ལ་གསུང་བཤད་དང༌། ཤེས་རིག་ལས་ཁུངས་ཀྱི་མཐུན་འགྱུར་རོགས་སྐྱོར་འོག་སྦེལ་ཀོབ་བོད་ཁྱིམ་དང་མོན་གྷོ་གཏན་སློབ་ནས་འཛིན་རིམ་ ༡༢ ཐོན་པའི་སློབ་མ་གྲངས་ ༣༠ ལ་སྨན་པ་ (MBBS) དང་ (Engineering) ཡིག་རྒྱུགས་གྲ་སྒྲིག་ཆེད་ (NEET/CET coaching) སྦྱོང་བརྡར་གནང་བཞིན་པའི་སློབ་མ་རྣམས་ལ་ཟུར་དུ་ལམ་སྟོན་གསུང་བཤད་གནང༌། དེ་བཞིན་ནང་སྲིད་ཁྱབ་ཁོངས་ནི་ལ་མ་གྷ་ལམ་ལས་རིགས་སྦྱོང་བརྡར་ཁང་དང༌། སྤྱི་མཐུན་མཉམ་འབྲེལ་གྱི་ (Tibet Mall) སྦེང་ལོར་རྒྱང་བཅོས་སྨན་ཁང་(Teleradiology, Bangalore) དང༌། (Vittala International institute for Ophthalmology) བཅས་སུ་གཟིགས་སྐོར་གནང་སྟེ་ཕྱི་ཚེས་ ༢༢ ཉིན་གྱི་ཕྱི་དྲོ་མཁའ་ལམ་བརྒྱུད་ལྡི་ལིར་ཕྱིར་ཕེབས་གནང་ཡོད་པ་བཅས།།